[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རྩྭ་མདའ་རྫོང་གི་རྒན་ཡོལ་ཞུས་པའི་ལས་བྱེད་པ་ཡར་ལངས་ཞིང་བྲན་བློ་བཟང་གི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-17

    640641_yis_1562732095280.jpg

    འདི་ནི་བློ་བཟང་གིས་མེ་ཏོག་ལ་ཆུ་རྒྱག་བཞིན་པ། 

    640644_yis_1562732142560.jpg

    (རྩ་གཉིས་ཨང་རྟགས་འདི་བཤེར་ན་བརྙན་ཐུང་ལྟ་ཐུབ)

    མི་སྣའི་རྒྱབ་ལྗོངས།

    བློ་བཟང་། ཕོ། 1944ལོའི་ཟླ་བརྒྱད་པར་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་ས་རང་ཤང་བན་དཀར་གྲོང་ཚོར་སྐྱེས། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་ཁོང་གི་ཁྱིམ་ལ་མི་5ཡོད་པ་དང་། ཚང་མ་ས་རང་རུ་དཔོན་གྱི“ཁྲལ་པ”ཡིན་ཞིང་། འཚོ་བར་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་པ་མ་ཟད། མི་ལུས་རང་དབང་ཟེར་བ་ཡེ་ནས་མེད། 

    1959ལོར་བློ་བཟང་ལ་ཡར་ལངས་བཅིངས་འགྲོལ་ཐོབ་ནས་བདག་པོར་གྱུར། ཁོང་གིས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་ནས་དམངས་གཙོའི་བཅོས་སྒྱུར་གྱི་ལས་དོན་ཁག་ལ་རྒྱབ་སྐྱོར་བྱས་པས“དམངས་གཙོའི་བཅོས་སྒྱུར་གྱི་ཧུར་བརྩོན་ཅན”ལ་གྱུར། 1973ལོར་བློ་བཟང་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས་པ་དང་སྔ་རྗེས་སུ་བན་དཀར་གྲོང་ཚོའི་རོགས་རེས་ཚོགས་ཆུང་གི་ཙུའུ་ཀྲང་དང་། ས་རང་ཆུས་སྤྱི་བདེའི་ཆེད་མངགས་པ། རྩྭ་མདའ་རྫོང་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་། རྩྭ་མདའ་རྫོང་མི་དམངས་འཐུས་ཚོཌ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། རྩྭ་མདའ་རྫོང་ཨུད་ཀྱི་རྒྱུན་ཨུ། རྩྭ་མདའ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་སོགས་ཀྱི་འགན་ཁུར། 2005ལོའི་ཟླ་བརྒྱད་པར་རྒན་ཡོལ་ཞུས་རྗེས་ཁོང་གིས་སྔར་བཞིན་རྩྭ་མདའ་རྫོང་གི་བྱེད་སྒོ་ཁག་ནང་ཧུར་ཐག་ཞུགས། 

    དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་བློ་བཟང་ཁྱིམ་གྱིས་ལོ་ལྟར་ཉིན་མཚན་མེད་པར་ཁྲལ་འུ་ལག་རྒྱུག་དགོས་པ་དང་ཁྲལ་ཧ་ཅང་ལྕི་པོ་འཇལ་དགོས་ཀྱི་ཡོད། གཅེན་པོ་ཕུན་ཚོགས་ལོ་ལྔ་ལ་སླེབས་སྐབས་རྒྱལ་རྩེ་རྫོང་གི་མངའ་བདག་གི་ཁྱིམ་དུ་གཡོག་པོར་བཏང་བས་ཁྱིམ་གྱི་ངལ་ནུས་དེ་བས་ཉུང་དུ་ཕྱིན་ཡོད། 

    བློ་བཟང་ལོ་བཅུ་གཅིག་ནས་བཟུང་མངའ་བདག་གི་ཕྱུགས་རྫི་བྱས། “ཕྱུགས་འཚོ་རྒྱུ་ནི་སྤྱིར་ན་དབྱར་དུས་ཡིན་པ་དང་། ཉིན་ལྟར་རྩམ་པ་ཐུར་མ་གཉིས་ལས་མེད་པས། ལྟོས་གྲོད་པ་མི་རྒྱགས་སྟབས་རི་སྐྱེས་སྔོ་ཚོད་ལ་བརྟེན་ནས་གྲོད་པ་རྒྱགས་ཐབས་བྱེད་ཀྱི་ཡོད”ཅེས་བློ་བཟང་གིས་བཤད། ཁོང་གིས་དགུན་ཁ་སླེབས་རིམ་བཞིན་ཁ་བས་རི་ཀླུང་བཀླུབས་ནས་་ཟ་རྒྱུ་གང་ཡང་མེད། གྲོང་ཚོའི་ནང་གི་མི་ཁག་གཅིག་གིས་ཤིང་གི་གངས་གྲུ་བཟོས་ནས་ཚེ་སྲོག་གི་ཉེན་ཁ་སྣ་ཚོགས་ལ་མ་བལྟོས་པར་ལྟོ་འཚོལ་བར་འགྲོ་ཡི་ཡོད་ཅེས་བཤད། 

    “ཐེངས་ཤིག་གངས་རྡིབ་བརྒྱབ་ནས་གྲོང་ཚོ་གཞན་གྱི་ལྟོ་སློང་མཁན་15ནས་མི་13ཤི་བ་གོ་ཐོས་བྱུང་། དེ་རྗེས་གྲོང་ཚོའི་ནང་གི་མིས་གནས་ཚུལ་དེ་ཐོས་རྗེས་ང་ལྟོ་སློང་བར་ཁྲིད་འདོད་བྱེད་ཀྱི་མེད། གང་ཡིན་ཟེར་ན་སྐབས་དེ་དུས་ང་ལོ་ན་ཕྲ་བས་རེད། ངའི་ཨ་མས་ཞུ་བ་ཡུན་རིང་འཐེན་རྗེས་ཁོང་ཚོས་གཞི་ནས་ང་ཁྲིད་བྱུང”ཞེས་སྔར་སོང་གི་གནས་ཚུལ་ལ་དྲན་གསོ་བྱེད་སྐབས་བགྲེས་སོང་མགྲིན་པ་མནངས་བཞིན“ལྟོ་སློང་བར་ཕྱིན་ན་ཉེན་ཁ་ལོས་ཡོད། འོན་ཀྱང་མ་ཕྱིན་ན་ནང་མི་ཚང་མ་ལྟོགས་ཤི་ཐེབས་རྒྱུ་ལས་མ་འདས”ཞེས་བཤད། 

    བློ་བཟང་གིས་སྔར་སོང་གི་ལོ་ཟླར་ཕྱིར་དྲན་བྱེད་བཞིན་འདི་ལྟར་བཤད་པ་སྟེ། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ང་ཚོའི་ཁྱིམ་དུ་རྟ་གཅིག་དང་། བ་གླང་3 ར་ལུག་17བཅས་བགོ་འགྲེམ་རག་པ་དང་། དེ་རྗེས་སླར་ཡང་ས་ཞིང་མུའུ་12རག་བྱུང་། ལྷག་པར་དུ་བློ་བཟང་གི་སེམས་ལ་གསལ་པོར་ངེས་པ་ནི། བཅིངས་འགྲོལ་དམག་མིའི་སྒྲིག་ཁྲིམས་ནན་ལ་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དེ་རེད། “བཅིངས་འགྲོལ་དམག་སླེབས་དུས་མི་སེར་ཚོའི་ཁབ་སྐུད་ཙམ་ཡང་འཁྱེར་གྱི་མེད་ལ། ཅ་དངོས་ལའང་གཏོར་སྐྱོན་གཏན་ནས་མི་གཏོང་བར་ད་དུང་ང་ཚོར་ཅ་ལག་མང་པོ་བགོས་བྱུང་། ཕྱིས་སུ་ངས་བཅིངས་འགྲོལ་དམག་གིས་ལག་ལེན་བསྟར་བ་ནི‘སྒྲིག་ཁྲིམས་ཆེན་པོ་གསུམ་དང་དོ་སྣང་བྱེད་དགོས་པ་བརྒྱད’ཡིན་པ་ཤེས་བྱུང”ཞེས་བློ་བཟང་གིས་བཤད་པ་དང་། ཁོང་གིས“དཔུང་སྡེ་དེས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། དུས་དེ་ནས་བཟུང་ངས་ཁོང་ཚོའི་རྗེས་སུ་འབྲང་རྒྱུའི་དམ་བཅའ་བཞག་པ་ཡིན”ཞེས་བཤད།

    དེ་རྗེས་བློ་བཟང་གིས་བཅིངས་འགྲོལ་དམག་གི་ལས་དོན་ཚོགས་ཆུང་ལ་དམངས་གཙོའི་བཅོས་སྒྱུར་གྱི་ལས་དོན་ཁག་སྒྲུབ་རོགས་བྱས་པས། “དམངས་གཙོའི་བཅོས་སྒྱུར་གྱི་ཧུར་བརྩོན་ཅན”དུ་གྱུར་པ་མ་ཟད། གྲོང་ཚོའི་ནང་གི་ཐོན་སྐྱེད་རོགས་རེས་ཚོགས་ཆུང་གི་ཙུའུ་ཀྲང་དང་ཐོན་སྐྱེད་རུ་ཁག་གི་རུ་དཔོན་བཅས་ཀྱི་འགན་ཁུར་ནས་གྲོང་མི་ཚོའི་སྣེ་ཁྲིད་དེ་ཏང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་པ་དང་། རྨོ་ཞིང་འདེབས་སྟངས་ལེགས་སུ་བཏང་བས་ཐོན་སྐྱེད་ཀྱི་ལས་ཕྱོད་ཧ་ཅང་ཆེ་རུ་ཕྱིན་ཡོད།

    1973ལོ་ནས་འགོ་བཙུགས་ཏེ་བློ་བཟང་གིས་ལོ་22ཙམ་གྱི་སྤྱི་བདེའི་ལས་བྱེད་པའི་འཚོ་བ་སྐྱེལ་འགོ་ཚུགས་པ་དང་། ཁོང་གིས་རྟག་ཏུ་རྩམ་པ་དང་དམག་མིའི་ཆུ་དམ་འཁྱེར་ནས་རྟ་ལ་བཞོན་ཏེ་ལ་བརྒྱབ་ཀླུང་བརྒལ་གྱིས་བརྟག་དཔྱད་ཞིབ་འཇུག་བྱེད་པར་བསྐྱོད་པ་དང་རྩྭ་མདའ་རྫོང་གི་སྲིད་འཛིན་ས་ཁོངས་མང་ཆེ་བར་རྐང་ཐང་མར་བསྐྱོད་ཡོད། ལས་ཀར་གྲུབ་འབྲས་བཟང་པོ་ཐོབ་པས་ཁོང་ལ་སྤྱི་བདེ་པུའི་བྱས་རྗེས་རིམ་པ་གསུམ་པའི་གཟེངས་རྟགས་ཐོབ་ཡོད། 1995ལོར་བློ་བཟང་གཟུགས་པོའི་གནས་ཚུལ་གྱིས་རྐྱེན་པས་སྤྱི་བདེའི་འཐབ་ཕྱོགས་ནས་དགོངས་ཞུ་བྱས། སྔ་རྗེས་སུ་རྩྭ་མདའ་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་དང་། རྩྭ་མདའ་རྫོང་ཨུད་ཀྱི་རྒྱུན་ཨུ། རྩྭ་མདའ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་བཅས་ཀྱི་འགན་འཁུར་མྱོང་ཡོད། 

    བློ་བཟང་གིས་རང་ཉིད་ལ་རེ་བ་ཧ་ཅང་མཐོ་པོ་འདོན་པ་དང་། ལས་ཀ་དང་འཚོ་བའི་ཁྲོད་སྤྱོད་གཙང་གཞུང་དྲང་བྱེད་པ་མ་ཟད། གྲོན་ཆུང་བསྲི་ཚགས་བྱེད་ཀྱི་ཡོད། ཁོང་གཞུང་དོན་སྒྲུབ་པར་སྐྱོད་དེ་རྫོང་དུ་ལོག་སྐབས་རྟག་ཏུ་རོགས་པའི་རླངས་འཁོར་བསྡད་དེ་སྐྱེལ་བསུའི་འགྲོ་གྲོན་གྲོན་ཆུང་གང་ཐུབ་བྱེད་ཀྱི་ཡོད། 2003ལོར་གཟུགས་པོ་ཐང་པོ་མེད་པས་བློ་བཟང་གིས་པེ་ཅིང་དུ་སློབ་སྦྱོང་བྱེད་པའི་གོ་སྐབས་དང་བསྟུན་ནས་སྨན་ཁང་དུ་གཟུགས་པོར་ཁྱོན་ཡོངས་ནས་བརྟག་དཔྱད་བྱས་པ་དང་། མ་གཞི་མཆིན་པའི་ནད་དང་། གློ་བའི་ནད། སྐྱ་གྲིབ་ཀྱི་ནད་སོགས་ཕོག་ཡོད་པས། ཁོང་གིས་སྨན་པས་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་དགོས་ལུགས་བརྗོད་རུང་ཁོང་གིས་དང་ལེན་བྱས་མེད། སྨན་པས་ཁ་ཏ་བསླབ་བྱ་ཇི་ལྟར་བྱས་ཀྱང་བློ་བཟང་གིས་ཞི་འཇམ་ངང“སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱས་ཚེ་སྨན་རིན་ཧ་ཅང་མཐོ་ལ་དུས་ཚོད་རིང་པོ་འགོར་བས་ང་ད་དུང་བྱ་བ་མང་པོ་ཞིག་བསྒྲུབ་རྒྱུ་བསྡད་ཡོད”དེ་ལྟར་བློ་བཟང་གིས་སྨན་པའི་ས་ནས་སྨན་བླངས་ཏེ་རྫོང་དུ་ལོག་པ་རེད། 

    འདས་དོན་དེ་དག་ལ་དྲན་གསོ་བྱེད་བཞིན་བློ་བཟང་གིས་གད་མོ་དགོད་བཞིན་དུ“ཏང་གི་སྲིད་ཇུས་ལོ་རེ་ལས་ལོ་རེ་ཡག་པ་ཡོད། ད་ཆ་རྫོང་གི་སྨན་བཅོས་ཆ་རྐྱེན་ལེགས་སུ་ཤུགས་ཆེན་ཕྱིན་པ་དང་། སྨན་རིན་རྩིས་ཞུའི་བསྡུར་ཚད་ཀྱང་མཐོ་པོ་ཡོད་པས་ངའི་ནད་གཞི་ཡང་རྫོང་གྲོང་ནས་ཐོན་མི་དགོས་པར་སྨན་བཅོས་ཐུབ་སོང་། ད་ཆ་གཟུགས་པོ་ཧ་ཅང་ཐང་པོ་ཡོད”ཅེས་བཤད། 

    ལོ་60ཡི་ནང་བློ་བཟང་གིས་ཀྲུང་གོ་གུང་ཁྲན་ཏང་མིས་ཇི་ལྟར་བྱས་ནས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུས་མིན་གྱི་དཔང་པོ་བྱེད་ཐུབ། ཡར་ལངས་བཅིངས་འགྲོལ་ཐོབ་ནས་བདག་པོར་གྱུར་པ་ནས་བཟུང་ཁོང་གིས“མི་དམངས་ལ་ཞབས་འདེགས་ཞུ་རྒྱུ”དེ་རང་ཉིད་ཀྱི་མི་ཚེའི་དམ་ཚིག་ལ་བརྩི་གི་ཡོད། ད་ལོ་ལོ་75ལ་སླེབས་པའི་བགྲེས་སོང་བློ་བཟང་གིས་སྔར་བཞིན“ལས་གནས་ནས་བྲལ་ཡང་ཏང་དང་ཁ་མི་བྲལ་བ་དང་། རྒན་ཡོལ་ཞུས་ཀྱང་སྙིང་སྟོབས་ནམ་ཡང་མི་ཉམས་པར”སྔར་བཞིན་བྱ་སྤྱོད་དངོས་ཀྱི་ཐོག་ནས་རང་ཉིད་ཀྱི་དད་སེམས་མངོན་པར་བྱེད་ཀྱི་ཡོད། ཁོང་གིས་བོད་སྐྱོར་མ་དངུལ་རག་ཐབས་བྱས་ཏེ་རྫོང་གྲོང་དུ་ཡོད་པའི་རང་ཁྱིམ་གྱི་ས་ཞིང་ཐོག་རིན་མེད་ངང་རྩྭ་མདའ་རྫོང་གི་རྒན་ཡོལ་ཞུས་པའི་ལས་བྱེད་པའི་བྱེད་སྒོའི་ལྟེ་གནས་བསྐྲུན་པ་དང་རྒན་ཡོལ་ཞུས་པའི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་རྩ་འཛུགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་གྱི་ཡོད། བློ་བཟང་གིས་ད་དུང་རྩྭ་མདའ་རྫོང་གི་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བར་དྲན་གསོ་ཞུ་བའི་གཏམ་བཤད་འགྲན་བསྡུར་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ། “གཤམ་སྐྱོད་ལྔའི”བྱེད་སྒོའི་སྒྲོག་འགྲེལ་སོགས་ནང་ཞུགས་པ་རེད། 

    བློ་བཟང་གིས“ཏང་གིས་ཞིང་བྲན་བསྐྱབས་པ་དང་། བོད་འཕེལ་རྒྱས་བཏང་བ། ང་རང་གསོ་སྐྱོང་གནང་བས། ངས་མི་ཚེ་འདིར་ཏང་གི་བཀའ་དྲིན་འཇལ་གང་ཐུབ་བྱས་ནས་ཚང་མའི་སྣེ་ཁྲིད་དེ་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱ་རྒྱུ་ཡིན”ཞེས་བཤད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།