[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ལག་གདང་སྦྲེལ་ནས་བྱང་ཐང་གི་མཛེས་སྡུག་ལྡན་པའི་སྣོད་བཅུད་སྲུང་སྐྱོང་བྱེད་པ།

    ནག་ཆུ་གྲོང་ཁྱེར་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-07

    ས་བབ་མཐོ་བ་དང་། ཁོར་ཡུག་ཞན་པ། སྣོད་བཅུད་ཉམས་ཞན་བཅས་དབང་གིས་ནག་ཆུའི་ཁོར་ཡུག་སྲུང་སྐྱོང་ལས་འགན་ལྕི་བ་དང་དཀའ་ངལ་ཧ་ཅང་མང་པོ་ཡོད། འོན་ཀྱང་ད་ཕན་ལོ་ཤས་རིང་ནག་ཆུ་གྲོང་ཁྱེར་གྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དོ་དམ་གྱི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བའི་ཁར་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བས་བྱང་རྩྭ་ཐང་གི་ནམ་མཁའ་དེ་བས་སྔོ་བ་དང་། ས་གཞི་དེ་བས་ལྗང་བ། ཆུ་མོ་དེ་བས་དྭངས་གཙང་བཅས་བྱུང་ཡོད།

    སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དོ་དམ་མ་ལག་འཐུས་སྒོ་ཚང་དུ་བཏང་བ།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དང་། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་། ཁོར་ཡུག་སྲུང་སྐྱོང་། སྦགས་བཙོག་ཕྱིར་འབུད་ཉུང་གཏོང་གི་སྲིད་ཇུས་དོན་འཁྱོལ། རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་སོགས་འགོ་ཁྲིད་ཚོགས་ཆུང་སྔ་རྗེས་སུ་བཙུགས་པ་ནས《མཛེས་སྡུག་ལྡན་པའི་ནག་ཆུ་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་བསམ་འཆར》དང་། 《རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཧུར་ཐག་བསྐྲུན་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》《རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་སྐོར་གྱི་ལག་བསྟར་བྱེད་ཐབས》《ཆུའི་སྦགས་བཙོག་འགོག་བཅོས་ཀྱི་བྱ་སྤྱོད་འཆར་གཞིའི་ལས་དོན་ཇུས་གཞི》《རྡོ་སོལ་གྱི་ཁྲོ་ཐབ་ཆུང་གྲས་དོར་བ་དང་སྒྱུར་བཀོད་ལས་དོན་གྱི་ཇུས་གཞི》བཅས་བཟོ་བའི་བར་ནག་ཆུས་ཁོར་ཡུག་སྲུང་སྐྱོང་མ་ལག་དེ་བས་བློ་རྩ་བརྟན་ལ་ནུས་ལྡན་ངང་བསྐྲུན་པ་རེད།

    “ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ང་ཚོས་ས་བབ་མཐོ་བའི་སྣོད་བཅུད་གནས་སྤོས་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་སྟེ་ར་སྐྱོར་བཤིག་པ་དང་སྲོག་ཆགས་ལ་རྩྭ་ཟ་རྒྱུ་ཡོང་བར་བྱས་ཡོད། གྲོང་ཁྱེར་རིམ་པའི་ནོར་སྲིད་ཀྱིས་སྒོར་དུང་ཕྱུར་1.03བཏང་ནས་རྒྱལ་ཁབ་ཀྱི་གཙོ་གནད་སྣོད་བཅུད་ནུས་པའི་ཁུལ་གྱི་སྤོ་སྒྱུར་གཏོང་སྤྲོད་སྒོར་དུང་ཕྱུར་2.87སྤྲད་པ་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་མ་དངུལ་གྱི་འགན་ལེན་ཟམ་མི་ཆད་པ་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད”ཅེས་ནག་ཆུ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་གངས་སྐྱིད་དར་རྒྱས་ཀྱིས་བཤད།

    2015ལོར་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནག་ཆུ་དོ་དམ་ས་ཚིགས་དང་དེའི་ཁོངས་གཏོགས་ཀྱི་ཨ་མདོ་དང་། མཚོ་གཉིས། ཉི་མ་བཅས་རྫོང་གསུམ་གྱི་དོ་དམ་ཡན་ལག་ཅུས་བཙུགས་ཏེ་ཆེད་ལས་བདག་སྐྱོང་ས་ཚིགས་36བསྐྲུན་པ་དང་ཆེད་ལས་བདག་སྐྱོང་པ་390གདན་དྲངས་པ་དང་། མཚོ་གཉིས་དང་། ཉི་མ། དཔལ་མགོན། ཨ་མདོ། ལྷ་རི་བཅས་རྫོང་5ཡི་རྒྱལ་སྤྱི་རིམ་པའི་སྣོད་བཅུད་ནུས་པའི་རྫོང་དང་གནམ་མཚོ་དང་། ལྷ་ས་སྐྱིད་ཆུའི་ཆུ་འགོའི་སྣོད་བཅུད་ནུས་པའི་སྲུང་སྐྱོང་ཁུལ་2བསྐྲུན་པ། ཨ་མདོ་རྫོང་དང་། དཔལ་མགོན་རྫོང་། གསེར་རྙེད་ཆུས་བཅས་ཞིབ་བཤེར་ཚད་འཇལ་ས་ཁོངས་3དུ་ལྟ་ཞིབ་ཚད་འཇལ་ས་ཚིགས་ཀྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་བྱ་ཡུལ་67བཙུགས་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ནག་ཆུ་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་དང་གཞོགས་འདེགས་བྱས་ཏེ་རྫོང(ཆུས)11གི་སྣོད་བཅུད་དམར་ཐིག་གི་ས་གནས་ས་ཐོག་ཏུ་རྩད་ཞིབ་ལེགས་གྲུབ་བྱུང་བ་དང་མཚེའུ་40རྒྱལ་ཁབ་ཀྱི་ཆུ་སྤུས་བཟང་བའི་སྣོད་བཅུད་སྲུང་སྐྱོང་གི་སྤྱིའི་འཆར་འགོད(2013-2020)ནང་བཅུག་སྟེ་མ་དངུལ་སྒོར་ཁྲི་9745.78བཏང་ནས་ཁ་དན་ཚིག་གནས་བསྡུ་ལེན་དང་། གྲོང་གསེབ་ཀྱི་འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་། གནམ་མཚོའི་མཚེའུ་སྲུང་སྐྱོང་། གྲོང་ཁྱེར་གྱི་སྨན་བཅོས་སྙིགས་རོ་གཙང་སེལ་ལྟེ་གནས་སོགས་གཙོ་གནད་སྣོད་བཅུད་རྣམ་གྲངས་ལག་བསྟར་བྱས་པ་རེད།

     ནག་ཆུའི་གྲོང་གསེབ་དེ་བས་མཛེས་སྡུག་ལྡན་ཆེད། 2018ལོར་ནག་ཆུ་གྲོང་ཁྱེར་གྱིས་གྲོང་ཚོ་རིམ་པའི་སྣོད་བཅུད་ཁོར་ཡུག་འཕྲོད་བསྟེན་བདག་སྐྱོང་བ་7098བདམས་པ་དང་དུས་མཚུངས། ནག་ཆུ་གྲོང་ཁྱེར་ནོར་སྲིད་ཀྱིས་རྫོང(ཆུས)ཁག་གི་གྲོང་ཚོའི་རྣམ་པ་བཅོས་སྐྱོང་ལ་ལོ་ལྟར་མ་དངུལ་སྒོར་ཁྲི་5གཏོང་བ་ནས་སྒོར་ཁྲི་10བར་མཐོ་རུ་བཏང་སྟེ་ཁོར་ཡུག་འཕྲོད་བསྟེན་བདག་སྐྱོང་ལས་དོན་གྱི་རྨང་གཞིའི་སྒྲིག་ཆས་ཉོ་སྒྲུབ་འགན་ལེན་བྱས་པ་རེད། མིག་སྔའི་བར་གྲོང་ཁྱེར་དང་། རྫོང(ཆུས) གྲོང་རྡལ(ཤང)གྲོང་ཚོ(ཆུས)བཅས་རིམ་པ་བཞིའི་སྣོད་བཅུད་ཁོར་ཡུག་བདག་སྐྱོང་སྒྲུབ་སྐུལ་མ་ལག་བཙུགས་ཏེ“བཙོག་ཟིང་ཞན”གསུམ་གྱི་སྣང་ཚུལ་ཚོད་འཛིན་ནུས་ལྡན་ཐུབ་པ་རེད།

    སྣོད་བཅུད་སྲུང་སྐྱོང་མ་ལག་དང་འབྲེལ་ཡོད་སྲིད་ཇུས་དང་ཁྲིམས་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་སོང་བ་དང་སྦྲགས་བྱང་ཐང་ས་གཞི་ཆེ་མོའི་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས།

    བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ།

    ཉི་མ་རྫོང་ནི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཚོད་ལྟའི་ཁུལ་དུ་གནས་ཤིང་། ཐག་རིང་གི་སར་མི་མེད་ལུང་སྟོང་ཡིན་ཞིང་། དེ་གར་གཙོད་དང་། རྐྱང་། གསའ་སོགས་སྤྱང་གྲུང་ལྡན་པའི་སྲོག་ཆགས་མཐོང་རྒྱུ་ཡོད།

    བཅར་འདྲི་བྱེད་རིང་། ལོ་30རིང་གི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་གི་ཉམས་མྱོང་ལྡན་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་བ་སྐལ་རྒྱལ་དར་དམར་གྱིས་གསར་འགོད་པར། སྔོན་ཆད་སྐོར་གཡེང་བྱེད་སྐབས་རྐང་ཐང་མར་འགྲོ་དགོས་པ་དང་ཆ་རྐྱེན་ཅུང་ལེགས་པའི་སྐབས་སུ་རྟ་བཞོན་ནས་ཉིན་ལྟར་སྤྱི་ལེ་བཅུ་ཕྲག་ཁ་ཤས་སྐོར་གཡེང་བྱེད་དགོས་ཀྱི་ཡོད། “སྐབས་དེ་དུས་འཕྲིན་གཏོང་སྟབས་བདེ་པོ་མེད་རྐྱེན་ཛ་དྲག་ཆེ་བའི་གནས་ཚུལ་འཕྲད་སྐབས་རྟ་བཞོན་ནས་ཤང་དུ་ཕྱིན་ཏེ། རིམ་པ་བཞིན་གོང་རིམ་ལ་སྙན་སེང་ཞུ་བ་དང་གོང་རིམ་གྱི་མཛུབ་སྟོན་འབྱོར་སྐབས། དེ་གའི་གནས་ཚུལ་ལ་འགྱུར་ལྡོག་འགྲོ་གི་ཡོད་པས། བདག་ཏུ་མ་བཟུང་བའི་སྲོག་ཆགས་མང་པོ་ཞིག་དུས་ཐོག་ཏུ་སྐྱོབ་བཅོས་ཐུབ་ཀྱི་མེད”ཅེས་བཤད།

    སྲུང་སྐྱོང་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་སྦྲགས་ད་ཆ་སྲུང་སྐྱོང་ཁུལ་དུ་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་བ་མི་རབས་རྒན་གྲས་ཀྱིས་གཙོས་པའི་ཆེད་ལས་བདག་སྐྱོང་ས་ཚིགས་དང་འབྲེལ་ཡོད་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་རྐང་འཛིན་སྟོབས་ཤུགས་སུ་བྱས་པའི་སྲུང་སྐྱོང་མ་ལག་ཞིག་ཆགས་ཡོད། བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་བས་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་བྱེད་པ་དང་དུས་མཚུངས། བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་གི་འབྲེལ་ཡོད་སྲིད་ཇུས་དང་ཁྲིམས་སྲོལ་སྒྲོག་འགྲེལ་རྒྱ་ཁྱབ་བྱས་པས་མང་ཚོགས་ཚོའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་སོང་ཡོད།

    བྱང་ཐང་རང་བྱུང་སྲུང་སྐྱོང་ཁུལ་དུ་ང་ཚོར་ཕྱུགས་འཚོ་བཞིན་པའི་ཕུར་བུ་བཀྲ་ཤིས་ཐུག་བྱུང་། ཁོང་གིས་གསར་འགོད་པར“སྔོན་ཆད་བདག་ཏུ་མ་བཟུང་བའི་སྲོག་ཆགས་འཚོ་སྡོད་ཁུལ་དུ་མི་དང་ནོར་ལུག་གང་བྱུང་དུ་འགྲོ་བ་དང་གང་སར་གད་སྙིགས་ཀྱིས་ཁེངས་ཡོད། ད་ཆ་སྲིད་གཞུང་གིས་གཅིག་གྱུར་འཆར་འགོད་བྱས་ཏེ་ཕྱུགས་འཚོ་བར་དམིགས་བཀར་གྱི་ས་ཁོངས་ཡོད་པ་དང་གད་སྙིགས་ཚུར་བསྡུའི་ཁུལ་གཏན་འཁེལ་ཡོད་སྟབས་ཚང་མའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་སོང་ཡོད”ཅེས་བཤད།

    སྦག་སྦག་གཅིག་གི་རྒྱབ་ཏུ་ལམ་རྒྱགས་དང་། ཆུ། སྨན་རྫས། དྲིལ་བསྒྲགས་དཔྱད་གཞི་བཅས་བླུགས་པ་དང་ཆེད་ལས་ཀྱི་རྒྱང་ཤེལ་ཞིག་ཁུར་བ་དེ་ནི་ཤན་རྩ་རྫོང་གི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་བ་པད་མ་བསྟན་འཛིན་གྱིས་སྐོར་གཡེང་བྱེད་སྐབས་གྲ་སྒྲིག་བྱས་པའི་དངོས་རྫས་རེད།

    ཤན་རྩ་རྫོང་གི་མཚོ་སྔོའི་འདབ་ཆགས་གླིང་དུ་འདབ་ཆགས་མང་ཤོས་སྐབས་བྱ་རིགས་ཁྲི་གསུམ་བཞི་ཙམ་ཡོད། པད་མ་བསྟན་འཛིན་གྱི་ལས་འགན་ནི་བྱ་རིགས་དེ་དག་གི་འཚོ་སྡོད་གནས་ཚུལ་དང་འཚོ་སྡོད་ཁུལ་གྱི་ཁོར་ཡུག་འགྱུར་ལྡོག་ལ་ལྟ་ཞིབ་ཚད་འཇལ་ཞིབ་ཚགས་བྱེད་རྒྱུ་དེ་རེད།

    2017ལོའི་དགུན་དུས་སུ་པད་མ་བསྟན་འཛིན་གྱིས་རྣམ་ཀུན་ལྟར་ཤན་རྩ་རྫོང་མར་ཡོ་ཤང་མཚོ་སྔོའི་འདབ་ཆགས་གླིང་སྲུང་སྐྱོང་ཁུལ་དུ་སྐོར་གཡེང་བྱེད་སྐབས། གྲང་རླུང་འུར་འུར་དུ་ལྡང་བ་དང་དྲོད་ཚད་ཧ་ཅང་དམའ་ལ་ཁ་བ་འབབ་ལ་ཉེ། པད་མ་བསྟན་འཛིན་གྱིས་ཐག་མི་རིང་བའི་ས་ན་ཁྲུང་ཁྲུང་མཇིང་ནག་གཅིག་གི་གཤོག་པ་རྨས་ནས་མཚོ་འགྲམ་དུ་ལུས་པ་རབ་རིབ་ཙམ་མཐོང་རྗེས་འཕྲལ་མར་སྨན་སྒམ་ཕབ་ནས་ཁྲུང་ཁྲུང་དེར་སྨན་བཅོས་སྟབས་བདེ་ཞིག་བྱས་པ་དང་། དེ་རྗེས་ཉེ་འགྲམ་གྱི་ཆེད་ལས་བདག་སྐྱོང་ས་ཚིགས་སུ་སྐྱོབ་བཅོས་བྱེད་པར་སྐྱེལ་བའི་ལམ་བར་ཁ་བ་བབས་ཏེ་བདག་སྐྱོང་ས་ཚིགས་སུ་སླེབས་སྐབས་པད་མ་བསྟན་འཛིན་གྱི་ལུས་པོ་ཁ་བས་བཏུམས་ཡོད་པ་རེད།

    “གནམ་གཤིས་ཚ་གྲང་ཇི་ཙམ་ཡོད་རུང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་བདེ་འཇགས་སྲུང་སྐྱོང་ནི་ངེད་ཚོའི་ལས་འགན་རེད”ཅེས་པད་མ་བསྟན་འཛིན་གྱིས་བརྗོད་པ་དང་། ཁོང་གིས“ད་ཆ་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་གྲངས་འབོར་མང་དུ་ཕྱིན་པ་དང་ཁོར་ཡུག་ཀྱང་ལེགས་སུ་འགྲོ་བ་མཐོང་སྐབས་དགའ་ཚོར་ཆེན་པོ་འདུག”ཅེས་བཤད།

    སྣོད་བཅུད་ཀྱི“དམར་ཐིག”ལས་གཏན་ནས་མི་འགལ་བ།

    ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་ཡོངས་ཀྱིས“ཁོར་ཡུག་སྲུང་སྐྱོང་ཆེ་མོ”དང“མི་མེད་ལུང་སྟོང་ནི་ཁྲིམས་མེད་པའི་ས་ཆ་མིན་པ”སོགས་ཀྱི་འདུ་ཤེས་བཙུགས་ནས་གཏེར་ཐོན་གསར་སྤེལ་གྱི་རང་སྐྱོང་ལྗོངས་སྲིད་གཞུང་གི“སྨྱུག་གཅིག་མའི”ཞིབ་མཆན་ལམ་ལུགས་དང་། ཁོར་ཡུག་སྲུང་སྐྱོང་གི“སྤ་སེ་གཅིག་གིས་ཁྲུ་སློག་པའི”ལམ་ལུགས་ལག་བསྟར་ནན་པོ་བྱས་པ་དང་། “ཆེ་བ་གསུམ”(སྦགས་བཙོག་ཆེ་བ་དང་། ནུས་གྲོན་ཆེ་བ། ཕྱིར་འབུད་ཆེ་བ)གྱི་ཁེ་ལས་ནག་ཆུར་གཏན་ནས་འཛུགས་མི་ཆོག་པར་སྣོད་བཅུད་བདེ་འཇགས་ཀྱི་རྨང་གཞིའི་ཐོག་འཕེལ་རྒྱས་མཐའ་གཅིག་ཏུ་བཏང་བ་རེད།

    2013ལོ་ནས་བཟུང་། ནག་ཆུ་གྲོང་ཁྱེར་གྱིས་ཁྱོན་འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་དཔྱད་བརྗོད་3410ལ་ཞིབ་བཤེར་ཆོག་མཆན་སྤྲད་པ་དང་། ཁོར་ཡུག་དཔྱད་བརྗོད་ཀྱི་ཚད་གཞི་ལོན་མེད་པའི་རྣམ་གྲངས་ལ་ཆོག་མཆན་གཏན་ནས་མི་སྤྲོད་པ་དང་འབྲེལ། དུས་ཐོག་ཏུ་ཆེད་ལས་མི་སྣ་སྒྲིག་འཛུགས་བྱས་ནས་ས་གནས་ས་ཐོག་ཏུ་བསྐྱར་བཤེར་བྱས་ཏེ་རྣམ་གྲངས་ཚང་མ་ཁོར་ཡུག་ཚོད་སྐོར་གྱི་ཚད་གཞི་ལོན་པར་བྱས་ཡོད། ཆབས་ཅིག་ཁོར་ཡུག་ཞིབ་བཤེར་ཆེ་མོ་བྱས་པ་དང་2013ལོ་ནས་བཟུང་། ཁྱོན་ཁེ་ལས(རྣམ་གྲངས)260ལྷག་ཙམ་ལ་ཞིབ་བཤེར་བྱས་ནས་ཁྲིམས་འགལ་འཛུགས་སྐྲུན་རྣམ་གྲངས་71དང་ཁྲིམས་འགལ་བཙོག་འབུད་ཁེ་ལས་1ཞིབ་བཤེར་ཐུབ་སྟེ། དག་ཐེར་བརྡ་ཐོ་64བཏང་བ་དང་ཁེ་ལས་6ལ་སྐོང་འདྲི་བྱས་ཤིང་། ཁེ་ལས་1ཁོར་ཡུག་སྲུང་སྐྱོང་གི“མིང་གཞུང་ནག་པོའི”ནང་བཅུག་པ་རེད། “རྣམ་གྲངས་འཛུགས་པ་དང་། ཞིབ་བཤེར་ཆོག་མཆན་འགོད་པ། འཛུགས་སྐྲུན་བཅས་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ང་ཚོས་ཆེད་མངགས་མི་བཏང་ནས་རྗེས་སྙེག་དོ་དམ་བྱས་ཏེ་དུས་མཚམས་ཚང་མར་ཁོར་ཡུག་སྲུང་སྐྱོང་གི་ཚད་གཞི་ལོན་པར་བྱས་པ་དང་། ཁོར་ཡུག་སྲུང་སྐྱོང་གི་ཚད་གཞི་མི་ལོན་པའི་རྣམ་གྲངས་ལ་ཆོག་མཆན་གཏན་ནས་སྤྲད་མེད”ཅེས་ནག་ཆུ་གྲོང་ཁྱེར་སྣོད་བཅུད་ཁོར་ཡུག་ཅུས་ཁོར་ཡུག་ལས་གྲྭ་དཔྱད་དཔོག་ལྟེ་གནས་ཀྱི་ཀྲུའུ་རེན་མིག་དམར་བཀྲ་ཤིས་ཀྱིས་བརྗོད་ཅིང་། ཁོང་གིས“བེད་སྤྱོད་བྱེད་པའི་རྣམ་གྲངས་གལ་སྲིད་ཁོར་ཡུག་སྲུང་སྐྱོང་གི་འབྲེལ་ཡོད་སྲིད་ཇུས་དང་ཁྲིམས་སྲོལ་དང་མཐུན་མེད་ཚེ། ང་ཚོས་སྔར་བཞིན་མཐའ་གཅིག་ཏུ་བཀག་སྡོམ་བྱེད་ཀྱི་ཡོད” 2015ལོར་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ན་དམར་ཆེ་ཤང་གི་གཏེར་འདོན་ལས་གྲྭ་བཞི་གསེར་གླིང་མཚོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཚོད་ལྟའི་ཁུལ་དུ་བཙུགས་པས། ལམ་སེང་དག་ཐེར་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། མིག་སྔར་ཚང་མ་དག་ཐེར་བྱས་ཟིན་པ་ལས། ང་ཚོས་སྤྱི་ཚོགས་འཕེལ་རྒྱས་གཏོང་རིང་ཁོར་ཡུག་སྲུང་སྐྱོང་གི་འགག་སྒོ་ནན་པོ་སྲུང་བའི་ཆོད་སེམས་མཚོན་ཡོད་ཅེས་བརྗོད།

    དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་འགྲོ་བ་དང་བསྟུན་ནས་ཁོར་ཡུག་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་འགལ་ཟླ་དེ་བས་མང་དུ་འགྲོ་སྲིད། ནག་ཆུ་གྲོང་ཁྱེར་སྣོད་བཅུད་ཁོར་ཡུག་ཅུས་ཁོར་ཡུག་ལྟ་ཞིབ་ཉིང་ལག་རུ་ཁག་གི་ཀྲི་ཏུའེ་ཀྲང་ཁྲེན་ཀང་གིས“དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་རྣམ་གྲངས་དེ་བས་མང་བ་ཐོན་མོད། འོན་ཀྱང་ང་ཚོས་ངེས་པར་དུ་སྣོད་བཅུད་ཀྱི‘དམར་ཐིག’ནན་པོ་བསྲུངས་ཏེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་སྔོན་འགྲོའི་འོག་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་གཏོང་དགོས”ཞེས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།