[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་སྐྱེམས་སྟོང་ཤང་གིས་དབྱར་རྩྭ་དགུན་འབུ་སྔོག་འཐུ་བྱེད་སར་གནས་སྐབས་ཏང་ཀྲི་པུའུ་བཙུགས་པ།

    མང་ཚོགས་ལ་ཞབས་འདེགས་ཧུར་ཐག་ཞུས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-07

     ཉེ་ཆར། སྣང་རྫོང་སྐྱེམས་སྟོང་ཤང་གླ་གཡེར་གྲོང་ཚོའི་2019ལོའི་དབྱར་རྩྭ་དགུན་འབུ་སྔོག་འཐུ་བྱེད་སའི་གནས་སྐབས་ཏང་ཀྲི་པུའི་ཧྲུའུ་ཅི་པ་སངས་ཚེ་རིང་གིས་སླར་ཡང་ཏང་ཡོན་ལས་བྱེད་པ་ཁག་གཅིག་གི་སྣེ་ཁྲིད་དེ་གླ་གཡེར་གྲོང་ཚོའི་དབྱར་རྩྭ་དགུན་འབུ་འཐུ་སའི་ཡུལ་གཞན་ནས་འབུ་འཐུ་བར་ཡོང་མཁན་དང་། བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན། ཁོར་ཡུག་འཕྲོད་བསྟེན་བཅས་ལ་སྐོར་ཞིབ་བྱས་པ་རེད།

    “ང་ཚོས་ཉིན་གཉིས་ནས་གསུམ་བར་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་དབྱར་རྩྭ་དགུན་འབུ་འཐུ་སར་སྐོར་ཞིབ་བྱེད་ཅིང་། ཕྱོགས་གཅིག་ནས་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་དང་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་སྲིད་ཇུས་སྒྲོག་འགྲེལ་བྱེད་པ་དང་དུས་མཚུངས་མང་ཚོགས་ཀྱི་དངོས་ཡོད་གནད་དོན་དང་དཀའ་གནད་ཐག་གཅོད་བྱེད་ཀྱི་ཡོད”ཅེས་པ་སངས་ཚེ་རིང་གིས་བཤད།

    ཟླ་བཞི་པ་ནས་དྲུག་པ་བར་ནི་དབྱར་རྩྭ་དགུན་འབུ་སྔོག་འཐུའི་ནམ་དུས་ཡིན་ཞིང་། ལོ་རེའི་དབྱར་རྩྭ་དགུན་འབུ་སྔོག་འཐུའི་ནམ་དུས་འཆར་སྐབས་མི་བརྒྱ་གྲངས་རིར་དབྱར་རྩྭ་དགུན་འབུ་སྔོག་འཐུ་བྱེད་པར་འགྲོ་དགོས་པས་བདེ་འཇགས་ཀྱི་གནད་དོན་ནི་འགག་རྩ་རེད། “འགག་རྩའི་དུས་སྐབས་སུ་ང་ཚོ་ཏང་ཡོན་ཚོས་ནུས་པ་དེ་བས་འདོན་དགོས། ལྷག་དོན་དུ་ས་བབ་ཧ་ཅང་མཐོ་བའི་ས་ཆར་མང་ཚོགས་ལ་གནད་དོན་དང་དཀའ་ངལ་གང་ཞིག་ཡོད་ཚེ་ང་ཚོ་ཏང་ཡོན་ལས་བྱེད་པ་ཚོས་འཕྲལ་མར་རོགས་རམ་དང་ཐག་གཅོད་བྱེད་དགོས”ཞེས་སྐྱེམས་སྟོང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་མཆོག་དོན་གྲུབ་ཀྱིས་བཤད།

    འདི་ལོ་ཚུན་དུ་སྐྱེམས་སྟོང་ཤང་གིས་དབྱར་རྩྭ་དགུན་འབུ་སྔོག་འཐུའི་ཞབས་ཞུའི་དོ་དམ་ལས་དོན་ཡག་པོ་བསྒྲུབས་ནས་དབྱར་རྩྭ་དགུན་འབུ་སྔོག་འཐུའི་དུས་འགོར་བརྟག་ཞིབ་ཚོགས་ཆུང་གསུམ་དབྱར་རྩྭ་དགུན་འབུ་སྔོག་འཐུ་བྱེད་སར་རྟོག་ཞིབ་བྱེད་པར་མངགས་པ་དང་། དབྱར་རྩྭ་དགུན་འབུ་སྔོག་འཐུའི་ས་ཆ་ཁག་བགོས་དང་། ཏང་ཡོན་གྱི་གྲངས་འབོར་དང་ཁྱབ་ཚད་ལ་མཐིལ་རྟོགས་ཞིབ་བཤེར་བྱས་ཏེ་ཞིང་འབྲོག་པ་ཏང་ཡོན་མང་ཚོགས་སྒྲིག་འཛུགས་བྱས་ནས་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ཐེངས་9འཚོགས་པ། དབྱར་རྩྭ་དགུན་འབུ་འཐུ་སའི་ཏང་ཡོན་གྱི་ཁྱབ་ཚུལ་དང་ཟུང་འབྲེལ་བྱས་ནས་དངོས་གཞིའི་ཏང་ཡོན་གསུམ་ཡན་གྱི་དབྱར་རྩྭ་དགུན་འབུ་འཐུ་སར་གནས་སྐབས་ཏང་ཀྲི་པུའུ་11བཙུགས་ནས་ཏང་ཀྲི་པུའི་ཧྲུའུ་ཅི་ཡག་པོ་འདེམས་རྒྱུར་མཛུབ་ཁྲིད་བྱེད་པ། གུར་དང་སྟབས་བདེའི་ཁང་པ་གནས་སྐབས་ཏང་ཀྲི་པུའི་གཞུང་དོན་སྒྲུབ་སར་བྱེད་པ་མ་ཟད། གནས་སྐབས་ཀྲི་པུའི་དར་ཆ་དང་། རླབས་ཆེན་མི་སྣའི་སྐུ་པར། ཏང་དར། རྒྱལ་དར་སོགས་སྤྲད་པ། འབྲེལ་ཡོད་ལམ་ལུགས་བཟོས་ནས་མང་ཚོགས་ཚོས་སྒྲིག་ལམ་སྲུང་བ་དང་། གལ་ཆེ་ཆུང་ཤེས་པ། ཁྲིམས་སྐྱོང་ལ་སྣང་ཆེན་བཅས་བྱེད་རྒྱུར་ཁྲིད་སྟོན་བྱས་པ་རེད།

    “གནས་སྐབས་ཏང་ཀྲི་པུའུ་བཙུགས་པ་ནས་བཟུང་སྔོན་ཆད་དབྱར་རྩྭ་དགུན་འབུ་འཐུ་སར་སྦག་སྦག་གང་སར་འཇོག་པ་དང་། གུར་གང་སར་ཕུབ་པ། མཐའ་འཁོར་དུ་གད་སྙིགས་ཀྱིས་ཁེངས་པ་སོགས་ཀྱི་སྣང་ཚུལ་མཐོང་རྒྱུ་མེད་པར་སྒྲིག་ལམ་ཡག་པོ་འདུག”ཅེས་ཤང་དེའི་པ་ལོང་གྲོང་ཚོའི་མང་ཚོགས་བསོད་ནམས་རྒྱལ་མཚན་གྱིས་བཤད།

    “གནས་སྐབས་ཏང་ཀྲི་པུའུ་བཙུགས་པས་ཏང་ཡོན་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་ཏེ་ཞིང་འབྲོག་མང་ཚོགས་ལ་བརྟེན་ས་བྱུང་ཡོད”ཅེས་མཆོག་དོན་གྲུབ་ཀྱིས་དཀའ་ངལ་ཡོད་ན་ཏང་ཡོན་འཚོལ་བ་དང་གནད་དོན་ཡོད་ན་ཏང་ཡོན་འཚོལ་བ་དེ་རྒྱུན་རྣམ་དུ་གྱུར་ཏེ། ད་ཆ་དབྱར་རྩྭ་དགུན་འབུ་འཐུ་སར་གནས་སྐབས་ཏང་ཀྲི་པུས་དབྱར་རྩྭ་དགུན་འབུ་འཐུ་སའི་ཞིང་འབྲོག་མང་ཚོགས་ལ་ཁྱིམ་ཚང་ལྟ་བུའི་དྲོ་སྐྱིད་ཚོར་བ་བྱས་ཡོད་ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།