[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • “གུང་ཁྲན་ཏང་ཕེབས་ནས་སྡུག་བསྔལ་བདེ་ལ་འཁོད་སོང”

    ​ —— ཡར་ལངས་ཞིང་བྲན་སྙེ་མོ་རྫོང་ཐོན་པ་ཤང་ཐོན་མདའ་གྲོང་ཚོའི་གྲོང་མི་བསོད་ནམས་ནོར་བུའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-12

    631184_yis_1560230602281_s.jpg

    འདི་ནི་བསོད་ནམས་ནོར་བུས་རང་ཉིད་ལ་ཐོབ་པའི་གཟེངས་བསྟོད་ལག་ཁྱེར་ཚ་བོར་བསྟན་ནས་ནམ་ཡང་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་པ་བཅས་བྱེད་དགོས་པའི་སློབ་གསོ་གཏོང་བཞིན་པ།

    མི་སྣའི་རྒྱབ་ལྗོངས། བསོད་ནམས་ནོར་བུ། ཕོ། 1947ལོའི་ཟླ་ལྔ་པར་སྐྱེས། སྙེ་མོ་རྫོང་ཐོན་པ་ཤང་ཐོན་མདའ་གྲོང་ཚོའི་གྲོང་མི། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་བསོད་ནམས་ནོར་བུའི་ཁྱིམ་དུ་ནང་མི་7ཡོད་པ་ཚང་མ་ཐོན་པ་གཞིས་ཀའི་ཁྲལ་པ་རེད། ཕ་དབང་འདུས་ནོར་བུ་ནི་སྙེ་མོའི་བོད་ཡིག་ཡིག་གཟུགས་ཀྱི་རྒྱུན་འཛིན་པའི་གྲས་ཤིག་རེད། གཞིས་ཀར་ཟིན་ཐོ་འགོད་མཁན་གྱི་ལས་གནས་འཁུར་བ་དང་། ཨ་མ་མིག་དམར་གཞིས་ཀར་འུ་ལག་སྣ་ཚོགས་རྒྱུག་དགོས་པས་མི་ལུས་རང་དབང་མེད་ལ་ས་ཞིང་ཡང་མེད་སྟབས་འཚོ་བ་དཀའ་ཚེགས་ཆེན་པོ་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་བསོད་ནམས་ནོར་བུའི་ཁྱིམ་ལ་ས་ཞིང་མུའུ་10བགོ་འགྲེམས་རག་སྟབས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུའི་གོ་སྐབས་རག བསོད་ནམས་ནོར་བུར་བུ་ཕྲུག་6ཡོད་པ་དང་། ནང་མི་ཚང་མར་ལས་ཀ་དང་ཡོང་འབབ་བརྟན་པོ་ཡོད།

    ཉེ་ཆར། བཅར་འདྲི་ཚོགས་ཆུང་དང་བཅས་པ་རླངས་འཁོར་ལ་བསྡད་ནས“བོད་ཡིག་སྲོལ་གཏོད་པའི་ཕ་ཡུལ་དང་། གཟིམ་སྤོས་ཀྱི་ཕ་ཡུལ”ཞེས་གྲགས་པའི་སྙེ་མོ་རྫོང་ཐོན་པ་ཤང་དུ་ཆས་པ་ཡིན། ཐོན་མདའ་གྲོང་ཚོར་བསྐྱོད་སྐབས་གྲོང་མིའི་ཁང་ཁྱིམ་དག་ལུང་ཤུར་དུ་ཐར་ཐོར་ངང་གནས་པ་དང་། རྒྱང་རིང་གི་གངས་རི་བཞུར་བའི་ཆུ་བོ་ཞིག་གྲོང་ཚོའི་བར་ནས་དལ་པོར་བཞུད་ཀྱིན་འདུག ཆུ་ཡུར་ནང་སྤོས་ཀྱི་རྒྱུ་ཆ་འཐག་པའི་ཆུ་འཁོར་ཆེ་ཆུང་སྣ་ཚོགས་རིམ་པ་བཞིན་བཟོས་འདུག

    ལོ་72ལ་སླེབས་པའི་བགྲེས་སོང་བསོད་ནམས་ནོར་བུའི་ཁྱིམ་དུ་བསྐྱོད་སྐབས་བསོད་ནམས་ནོར་བུ་བཟའ་ཚོས་གསར་འགོད་པ་དང་བཅས་པ་རང་ཁྱིམ་གྱི་ཐོག་སོ་ཉིས་ལྡན་གྱི་ཁང་པར་ལྟ་སྐོར་དུ་ཁྲིད་བྱུང་།ཐོག་སོ་དང་པོར་གྲིབ་སྐམ་བཏང་བའི་སྤོས་ཀྱི་དྲི་བསུང་འཐུལ་བཞིན་འདུག

    “སྤོ་ལགས། སྤོས་མང་པོ་འདི་འདྲ་གང་དུ་འཚོང་གི་ཡོད་ནམ”ཞེས་གསར་འགོད་པས་འདྲི་སྐབས། སྤོ་ལགས་ཀྱིས“འདི་དག་ནང་ས་ནས་མངགས་པ་ཤ་སྟག་རེད། ལོ་ལྟར་ཚོང་ཤག་རྙིང་པ་དང་མཉམ་ལས་བྱེད་ཀྱི་ཡོད”ཅེས་བགྲེས་སོང་བསོད་ནམས་ནོར་བུས་འཛུམ་དམུལ་དམུལ་ངང་ལན་བརྒྱབ།

    “ད་ཆ་འཚོ་བ་ཧ་ཅང་སྐྱིད་པོ་འདུག ཁོམ་པ་ཡོད་དུས་ངས་རང་ཉིད་ཀྱི་མྱོང་བ་དངོས་ཀྱི་ཐོག་ནས་སྒྲོག་འགྲེལ་བྱས་ཏེ་ཏང་དང་སྲིད་གཞུང་ལ་རང་གི་ནུས་པས་ལྕོགས་ཚོད་ཀྱིས་ལས་ཀ་བསྒྲུབ་རྒྱུ་ཡིན”ཞེས་བསོད་ནམས་ནོར་བུས་བཤད།

    ལོ་60ཡི་གོང་གི་འཚོ་བའི་སྐོར་གླེང་སྐབས། བསོད་ནམས་ནོར་བུའི་དྲན་པའི་མེ་ལོང་ངོས་སུ་འཆར་བ་ནི་ཁྲལ་ལྕི་བ་དང་ཨ་མ་ནམ་མ་ལངས་གོང་ནས་གང་སར་ལྟོ་སློང་བའི་གྲིབ་གཟུགས་དང་། དགོང་མོ་སྣུམ་བཞུའི་འོག་ཨ་མ་དང་གཅེན་གཅུང་མིང་སྲིང་མཉམ་དུ་བཞའ་ཚན་ཆེ་བའི་ཁང་པའི་ནང་སྡོད་དགོས་པ་དག་རེད།

    1959ལོར་དམངས་གཙོའི་བཅོས་སྒྱུར་གྱིས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་དུ་བཏང་བ་རེད། ལོ་12ལ་སླེབས་པའི་བསོད་ནམས་ནོར་བུས་ལས་དོན་རུ་ཁག་གིས་ནང་མིའི་ཐོ་འགོད་པ་དང་། ད་དུང་ཞིང་བྲན་བདག་པོའི་ས་ཞིང་པ་ཕར་སྤྲད་པ་མཐོང་ཡོད། “དུས་དེ་ནས་བཟུང་མུའུ་བཅུ་ཡི་ས་ཞིང་ང་ཚོའི་ཁྱིམ་ལ་བདག་པས། བརྒྱ་ཆ་དགུ་བཅུ་ལྷག་ཙམ་གྱི་ཞིང་ཁའི་ཐོན་འབབ་ཁྲལ་འཇལ་དགོས་མེད་པས་ང་ཚོ་ཁྱིམ་མི་རྣམས་ལྟོས་གྲོད་པ་མི་རྒྱགས་པའི་འཚོ་བ་སྐྱེལ་མཇུག་འགྲིལ་ནས་ལྟོ་དུས་ཚང་མར་ལྟོ་རྒྱགས་ཚད་བཟའ་རྒྱུ་བྱུང་སོང”ཞེས་བསོད་ནམས་ནོར་བུས་སེམས་འགུལ་ཐེབས་བཞིན་བཤད།

    ཆེས་མུན་ནག་གི་འཚོ་བར་གཞི་ནས་རེ་བའི་འོད་མདངས་འཕྲོས།

    དམངས་གཙོའི་བཅོས་སྒྱུར་བྱས་རྗེས་བསོད་ནམས་ནོར་བུའི་ཕ་དབང་འདུས་ནོར་བུས་བོད་ཡིག་གི་ཡིག་གཟུགས་ལེགས་པོ་འབྲི་ཐུབ་པར་གཞིགས་ནས་ལས་དོན་རུ་ཁག་གིས་ཐོན་མདའ་གྲོང་ཚོའི་བོད་ཡིག་དགེ་རྒན་ལ་བདམས། བསོད་ནམས་ནོར་བུར་ཡང་དུས་དེ་ནས་བཟུང་ཕའི་ས་ནས་ཤེས་བྱ་སྦྱོང་བའི་བསྐལ་བ་ཐོབ། དམངས་གཙོའི་བཅོས་སྒྱུར་གོང་ཁྲལ་པ་ཡིན་ན་འདི་འདྲ་ཡོང་ཐབས་གཏན་ནས་མེད། དུས་དེ་ནས་བཟུང་། བསོད་ནམས་ནོར་བུའི་ལས་དབང་ལ་འགྱུར་ལྡོག་བྱུང་ཞིང་། 1966ལོ་ནས་1978ལོ་བར་བསོད་ནམས་ནོར་བུས་ཐོན་པ་ཤང་ཐོན་མདའ་གྲོང་ཚོའི་དམངས་བཙུགས་སློབ་གྲྭའི་དགེ་རྒན་བྱས་པ་དང་། 1978ལོ་ནས་1990ལོ་བར་ཐོན་པ་ཤང་ཐོན་མདའ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཨུ་ཡོན་བྱས་པ། 1990ལོ་ནས་1993ལོ་བར་ཐོན་མདའ་གྲོང་ཚོའི་དྲུང་ཡིག་བྱས་པ་རེད།

    1994ལོ་ནས་བཟུང་བསོད་ནམས་ནོར་བུས་སོ་ནམ་ལས་ལ་གཞོལ་འགོ་བརྩམས། སོ་ནམ་ལས་ལ་གཞོལ་རིང་ཁོང་གིས་སྤོས་བཟོ་བའི་ལག་རྩལ་སྦྱངས་པ་དང་། སྙེ་མོ་རྫོང་གིས“སྤོས་ཀྱི་ཕ་ཡུལ”གྱི་ཁྱད་ལྡན་རིག་གནས་སྤུས་རྟགས་གཏོད་པའི་གོ་སྐབས་བཟང་པོར་བརྟེན་ནས་བསོད་ནམས་ནོར་བུས་སྙེ་མོའི་སྤོས་ཀྱི་ཚོང་རྟགས་ཐོ་འགོད་བྱས་པ་རེད། སྤོས་མཐུན་ཚོགས་ཀྱིས་སྤོས་བཟོ་བའི་ཚད་གཞི་གཅིག་གྱུར་བཟོས་པ་དང་སྤུས་རྟགས་གཅིག་གྱུར་དུ་ཁྱབ་གདལ་བཏང་བས། བསོད་ནམས་ནོར་བུའི་བྱང་ཆུབ་པའི་སྤོས་བཟོའི་ལག་རྩལ་ལ་རྒྱལ་ནང་གི་ཚོང་པ་མང་པོའི་ཡིད་ཆེས་ཐོབ་ནས་མངགས་ཐོ་མང་པོ་རག་པ་དང་ལོ་ལྟར་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་ཟིན་ཡོད།

    “ཆུང་དུས་ང་ཚོའི་ཁྱིམ་གྱིས་ལོ་ལྟར་ཞིང་བྲན་བདག་པོར་ཁྲལ་ལྕི་པོ་འཇལ་དགོས། རྒྱུན་གཏན་གྱི་བཟའ་འབྲུ་ནི་ཁོང་ཚོས་སྒོ་ཕྱུགས་ལ་སྟེར་བའི་གཟན་ཆག་དང་གཅིག་པ་རེད། སྐབས་རེ་དེ་ཡང་བཟའ་རྒྱུ་མེད། སྤྱི་ཚོགས་རྙིང་པར་ང་ཚོའི་འཚོ་བ་རྟ་ཟོག་སེམས་ཅན་ལས་ཀྱང་སྐྱོ་བ་ཡོད”

    “བོད་རྙིང་པར་རིམ་པ་དམའ་ཤོས་ཀྱི་ཞིང་བྲན་ཡིན་པས། ང་ཚོ་སྡོད་ས་ནི་མུན་ནག་དང་བཞའ་ཚན་ཆེ་བའི་ཁང་པ་ཐབས་ཆག་ཡིན་པས་འཁྱག་ཤི་ཐེབས་པ་དང་ནད་ཀྱིས་མནར་ནས་འཆི་བ་རྒྱུན་དུ་མཐོང་རྒྱུ་ཡོད”

    “ངའི་ཕ་མ་ཚེ་ལས་འདས་རུང་ཀྲུང་གོ་གུང་ཁྲན་ཏང་ནི་ངའི་ཕ་མ་དང་གཅིག་པ་ཡིན། ཏང་གིས་ཐུགས་ཁུར་དང་གཅེས་སྐྱོང་གནང་བས་གཞི་ནས་ངར་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང”ཞེས་བཤད།

    བསོད་ནམས་ནོར་བུས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་བོད་གསར་རྙིང་བསྡུར་བ་དང་ཏང་གི་སྲིད་ཇུས་ཁག་མང་ཚོགས་ལ་བརྒྱུད་བསྒྲགས་བྱེད་པ་དང་། ཁོང་གི་སྒྲོག་འགྲེལ་གྱི་སྐུལ་ཁྲིད་འོག་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཚོས་ཏང་དང་རྒྱལ་ཁབ་ལ་དྲིན་ཚོར་གྱི་བསམ་པ་ཟབ་མོ་འཆང་བཞིན་ཡོད་པས། ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད། ད་ཆ་ཐོན་པ་ཤང་དུ་སེམས་རྩ་འཁོལ་བའི་སྒྲོག་འགྲེལ་པ་འདི་འདྲ་ཞིག་ཡོད་པ་ཀུན་གྱིས་ཤེས་ཀྱི་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།