[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • འདི་ལོ་བོད་ཀྱི་མཐོ་སློབ་དཀྱུས་མའི་སློབ་བསྡུར“འདྲ་མཚུངས་འདོད་འདུན”འགོད་སྟངས་ལག་ལེན་བསྟར་རྒྱུ་ཡིན་པ།

    སྦྱངས་འབྲས་དང་རྒྱུགས་བསྡུའི་ཚོད་འཛིན་སྐར་གྲངས་དམའ་ཤོས་ཁྱབ་བསྒྲགས་བྱས་རྗེས་འདོད་འདུན་འགོད་རྒྱུ་གཅིག་གྱུར་བཀོད་སྒྲིག་བྱེད་རྒྱུ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-12

    རྒྱུགས་སྤྲོད་སློབ་མས་མཐོ་རྒྱུགས་ཀྱི་འདོད་འདུན་འགོད་པའི་ཉེན་ཁ་ཆུང་དུ་དང་རྒྱུགས་སྤྲོད་སློབ་མས་འདོད་འདུན་འགོད་པའི་གནོན་ཤུགས་ཆུང་དུ་གཏོང་ཆེད། འདི་ལོ་བོད་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་དཀྱུས་མའི་སློབ་བསྡུར“འདྲ་མཚུངས་འདོད་འདུན”འགོད་སྟངས་ལག་ལེན་བསྟར་རྒྱུ་རེད། སྦྱངས་འབྲས་དང་རྒྱུགས་བསྡུའི་ཚོད་འཛིན་སྐར་གྲངས་དམའ་ཤོས་ཁྱབ་བསྒྲགས་བྱས་རྗེས་འདོད་འདུན་འགོད་རྒྱུ་གཅིག་གྱུར་བཀོད་སྒྲིག་བྱེད་རྒྱུ་དང་། རང་ལྗོངས་ཀྱིས་འདོད་འདུན་འགོད་པའི་ཐེངས་གྲངས་ཚང་མ་ཟླ་6ཚེས་26ཉིན་ནས་ཟླ་7ཚེས་1ཉིན་བར་གཅིག་གྱུར་བཀོད་སྒྲིག་བྱེད་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མཐོ་རྒྱུགས་ཀྱི་འདོད་འདུན་འགོད་སྟངས་ལ་དབྱེ་བ་ཁག་གསུམ་ཕྱེ་ཡོད་པ་སྟེ། སྔོན་ལ་ཁེར་རྐྱང་དུ་བསྡུ་རྒྱུ(དངོས་གཞིའི་ཚན་ཁག་དང་ཆེད་ལས་ཚན་ཁག་ཚུད་པ)དང་གཅིག དེ་ནས་དངོས་གཞིའི་ཚན་ཁག་གི་ཁག་ཐེངས་དང་པོ(གཙོ་གནད་དངོས་གཞིའི་ཚན་ཁག་སློབ་གླིང་དང་། ཆོག་མཆན་ཐོབ་པའི་ཁག་འདིའི་སློབ་བསྡུའི་ནང་ཞུགས་པའི་དངོས་གཞིའི་ཚན་ཁག་དཀྱུས་མའམ་ཆེད་ལས)བསྡུ་རྒྱུ་དང་གཉིས། དངོས་གཞིའི་ཚན་ཁག་གི་ཁག་གཉིས་པ(དངོས་གཞིའི་ཚན་ཁག་གི་སློབ་གླིང་དཀྱུས་མ་སྟེ། རང་ཚུགས་སློབ་ཆེན་གྱི་ཆེད་ཚན་ཆེད་ལས་དང་། དམངས་བཙུགས་སློབ་ཆེན་གྱི་ཆེད་ཚན་ཆེད་ལས་ཚུད་པ)དང་མཐོ་རིམ་ལས་རིགས་སློབ་གྲྭའི(ཆེད་ཚན)ཁག་ཐེངས་བསྡུ་རྒྱུ་དང་གསུམ་བཅས་རེད། སྔོན་ལ་ཁེར་རྐྱང་དུ་བསྡུ་བའི་ཁག་ཐེངས་ལ་སྔོན་མའི་འདོད་འདུན་འགོད་སྟངས་སྔར་བཞིན་སྤྱོད་རྒྱུ་རེད། ཁག་ཐེངས་རེར་སློབ་གླིང་གསུམ་གདམ་རྒྱུའི་བཀོད་སྒྲིག་བྱས་པ་སྟེ། འདོད་འདུན་དང་པོ་དང་། འདོད་འདུན་གཉིས་པ། འདོད་འདུན་གསུམ་པ་བཅས་རེད། སློབ་གླིང་རེར་འདོད་འདུན་འགོད་སྐབས་ཆེད་ལས་བཞི་དང་ཆེད་ལས་སྙོམས་སྒྲིག་ལ་བསྟུན་པའི་འདོད་འདུན་འགོད་ཆོག དངོས་གཞིའི་ཚན་ཁག་གི་ཁག་ཐེངས་དང་པོ་དང་། དངོས་གཞིའི་ཚན་ཁག་གི་ཁག་ཐེངས་གཉིས་པ། མཐོ་རིམ་ལས་རིགས་སློབ་གྲྭའི(ཆེད་ཚན)ཁག་ཐེངས་བཅས་ལ“འདྲ་མཚུངས་འདོད་འདུན”འགོད་སྟངས་སྤྱོད་རྒྱུ་རེད། ཁག་ཐེངས་རེར་Aདང་། B C D E F G H I J བཅས་རིགས་བཅུའི་སློབ་གླིང་དུ་འདོད་འདུན་འགོད་རྒྱུའི་བཀོད་སྒྲིག་བྱས་ཡོད་པ་དང་། སློབ་གླིང་རེར་འདོད་འདུན་འགོད་སྐབས་ཆེད་ལས་བཞི་དང“ཆེད་ལས་སྙོམས་སྒྲིག་ལ་བསྟུན་པའི”འདོད་འདུན་འགོད་རྒྱུ་བཀོད་སྒྲིག་བྱས་ཡོད་པ་ལས། “སློབ་གླིང་སྙོམས་སྒྲིག་ལ་བསྟུན་པའི”འདོད་འདུན་འགོད་རྒྱུ་བཀོད་སྒྲིག་བྱས་མེད། སློབ་གླིང་ཁག་ཏུ་སློབ་བསྡུའི་འཆར་གཞི་མ་འགྲུབ་ན། མུ་མཐུད་འདོད་འདུན་འགོད་རྒྱུའི་རྣམ་པའི་ཐོག་ནས་ལེགས་སྒྲུབ་བྱེད་རྒྱུ་དང་། འདོད་འདུན་འགོད་སྟངས་ཀྱང“འདྲ་མཚུངས་འདོད་འདུན”འགོད་སྟངས་ལག་ལེན་བསྟར་རྒྱུ་རེད། མུ་མཐུད་འདོད་འདུན་འགོད་སྟངས་དེ་གནས་ཚུལ་ལ་གཞིགས་ནས་ཐེངས་གཅིག་གམ་ཐེངས་མང་ལག་ལེན་བསྟར་ཆོག

    འདོད་འདུན་འགོད་སྐབས་རྒྱུགས་སྤྲོད་སློབ་མ་ཚང་མས་མིང་ཐོ་འགོད་ཨང་དང་གསང་བའི་ཨང་རྟགས་གཞིར་བཟུང་དྲ་ཐོག་ཏུ་འདོད་འདུན་འགོད་དགོས།རྒྱུགས་སྤྲོད་སློབ་མས་རང་ཉིད་ཀྱིས་བཀོད་པའི་འདོད་འདུན་གྱི་དྲང་བདེན་རང་བཞིན་དང་ཡང་དག་རང་བཞིན་ལ་འགན་འཁུར་དགོས། རྒྱུགས་སྤྲོད་སློབ་མས་རང་སྐྱོང་ལྗོངས་སློབ་བསྡུ་གཞུང་ལས་ཁང་གིས་ཁྱབ་བསྒྲགས་བྱས་པའི་སློབ་བསྡུའི་འཆར་གཞི་གཞིར་བཟུང་། རང་ཉིད་ཀྱིས་ཐོ་བཀོད་པའི་རིག་ཚན་ཁྲོད་ནས་སློབ་གྲྭ་དང་ཆེད་ལས་བདམས་དགོས་པ་མ་ཟད། འབྲེལ་ཡོད་གཏན་འབེབས་དང་བླང་བྱ་གཞིར་བཟུང་འདོད་འདུན་འགོད་དགོས།

    རྒྱལ་ཡོངས་ཁྱབ་ཁོངས་ཀྱི་སློབ་བསྡུའི་ནང་རང་ལྗོངས་ལ་ཁེར་རྐྱང་སློབ་བསྡུའི་འཆར་གཞི་སྤྲད་མེད་པའི་ལྗོངས་ཕྱིའི་མཐོ་རིམ་སློབ་ཆེན་དཀྱུས་མར་རྒྱུགས་སྤྲོད་པའི་སྒྱུ་རྩལ་ཆེད་ལས་ཀྱི་རྒྱུགས་སྤྲོད་སློབ་མ་ཡིན་ཕྱིན། སྔོན་ལ་ཁེར་རྐྱང་དུ་བསྡུ་བའི་འདོད་འདུན་འགོད་དགོས་པ་མ་ཟད། རང་སྐྱོང་ལྗོངས་སློབ་བསྡུ་གཞུང་ལས་ཁང་ལ་ཆེད་ལས་ཀྱི་སྐར་སྣོན་ཡིག་རྒྱུགས་ཀྱི་སྦྱངས་འབྲས་ཚད་ལོན་ལག་འཁྱེར་དང་སློབ་བསྡུའི་སློབ་གླིང་ལ་འབྲེལ་བ་བྱེད་སྟངས་སོགས་འབྲེལ་ཡོད་ཡིག་ཆ་མཁོ་འདོན་བྱེད་དགོས།

    རང་སྐྱོང་ལྗོངས་སློབ་བསྡུ་གཞུང་ལས་ཁང་གིས་སློབ་བསྡུའི་སློབ་གླིང་གི་འཆར་གཞི་ལེགས་གྲུབ་གནས་ཚུལ་དང་སློབ་བསྡུའི་ལས་དོན་གྱི་འཕེལ་རིམ་བཀོད་སྒྲིག་གཞིར་བཟུང་སློབ་བསྡུའི་སློབ་གླིང་ལ་སློབ་ཁུངས་མི་འདང་བའི་དབང་གིས་འཆར་གཞི་ལེགས་གྲུབ་མ་བྱུང་བའི་གནས་ཚུལ་བོད་རང་སྐྱོང་ལྗོངས་སློབ་གསོ་ཡིག་རྒྱུགས་གླིང་གི་དྲ་ཚིགས་ནས་ཁྱབ་བསྒྲགས་བྱེད་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།