[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ལྗོངས་ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་དུ་ནུས་རྒྱུ་གཙང་མའི་ཁོར་ཡུག་སྲུང་སྐྱོང་གི་འགྲུལ་སྐྱེལ་རླངས་འཁོར་ཚོད་ལྟར་སྤྱད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-21

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་5ཚེས་18ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་སྲིད་གཞུང་ནས་ཤེས་རྟོགས་བྱུང་བར། ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་དུ་འདི་ལོའི་ཟླ་5པ་ནས་བཟུང་ནུས་རྒྱུ་གཙང་མའི་ཁོར་ཡུག་སྲུང་སྐྱོང་གི་འགྲུལ་སྐྱེལ་རླངས་འཁོར་ཚོད་ལྟར་སྤྱད་དེ་ཇོ་མོ་གླང་མ་ཁུལ་གྱི་ཡུལ་སྐོར་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོང་གི་དགོས་མཁོ་སྔར་བས་དོ་སྙོམས་ཡོང་བ་བྱས་ཡོད།

    ཁོར་ཡུག་སྲུང་སྐྱོང་གི་འགྲུལ་སྐྱེལ་རླངས་འཁོར་བབས་ཚུགས་དེ་ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་གྱི་རྒྱལ་སྒོ་བྱང་མའི་ནང་གི་སྤྱི་ལེ་79ཡི་སར་བཙུགས་ཡོད་པ་དང་། ཇོ་མོ་གླང་མའི་ཡུལ་སྐོར་བའི་སྒར་ས་ཆེ་མོ་དང་བར་ཐག་སྤྱི་ལེ་20ཙམ་ཡོད་པ་རེད། ཡུལ་སྐོར་འགྲུལ་སྐྱེལ་རླངས་འཁོར་རམ་ཡང་ན་སྒེར་འཁོར་གནས་དེར་འབྱོར་རྗེས་ཡུལ་སྐོར་བ་ཚང་མ་རྐུབ་སྟེགས་29ཡོད་པའི་ཁོར་ཡུག་སྲུང་སྐྱོང་གི་འགྲུལ་སྐྱེལ་རླངས་འཁོར་ལ་བསྡད་དེ་མུ་མཐུད་ཡུལ་སྐོར་བའི་སྒར་ས་ཆེ་མོར་བསྐྱོད་དགོས་པ་དང་། ཕྱིར་ལོག་བྱེད་སྐབས་ཁོར་ཡུག་སྲུང་སྐྱོང་གི་འགྲུལ་སྐྱེལ་རླངས་འཁོར་ལ་བསྡད་དེ་རླངས་འཁོར་བརྗེ་སར་ཡོང་དགོས་ཀྱི་ཡོད། རླངས་འཁོར་ཚང་མར་གློག་ནུས་སྤྱོད་ཀྱི་ཡོད་པ་རེད།

    དིང་རི་རྫོང་གི་རྫོང་དཔོན་ཝང་ཁུན་གྱིས་ནུས་རྒྱུ་གཙང་མའི་ཁོར་ཡུག་སྲུང་སྐྱོང་གི་འགྲུལ་སྐྱེལ་རླངས་འཁོར་བཏང་སྟེ་ཡུལ་སྐོར་བ་སྐྱེལ་བསུ་བྱེད་པ་ནི་སྣུམ་སྤྱོད་རླངས་འཁོར་ལས་ཐོན་པའི་དུ་བའི་སྦགས་བཙོག་ཉུང་དུ་གཏོང་བ་དང་། ཡུལ་སྐོར་བས་གཡུགས་པའི་གད་སྙིགས་གཅིག་སྡུད་ཐོག་བསྡུ་རུབ་བྱེད་བདེ་བ། སྒེར་འཁོར་གང་བྱུང་སྐྱོད་པ་དང་འགྲུལ་པས་སྒེའུ་ཁུང་ནས་གད་སྙིགས་གཡུགས་པ་སོགས་ཀྱི་བྱེད་སྤྱོད་ལས་ཇོ་མ་གླང་མའི་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཤུགས་ཆུང་དུ་གཏོང་བ་བཅས་ཀྱི་ཆེད་དུ་རེད་ཅེས་ངོ་སྤྲོད་བྱས།

    མིག་སྔར། ཁོར་ཡུག་སྲུང་སྐྱོང་གི་འགྲུལ་སྐྱེལ་རླངས་འཁོར་13སྤྱོད་བཞིན་ཡོད་པ་དང་རླངས་འཁོར་ཐོག་གསོ་རླུང་སྒྲིག་ཆས་བསྒར་ཡོད་པ་རེད། ཡུལ་སྐོར་བ་ཚོས་སྒར་ས་ཆེ་མོར་ཇོ་མོ་གླང་མའི་རི་རྩེ་ནས་ཉི་མ་མཁའ་ལ་འཕགས་པ་དང་ནུབ་ལ་བཞུད་པའི་མཛེས་ལྗོངས་པར་རྒྱག་རྒྱུར་སྟབས་བདེ་བསྐྲུན་ཆེད། ཉིན་ལྟར་སྔ་ཤོས་ཆུ་ཚོད་7པའི་གཡས་གཡོན་ལ་འགྲུལ་སྐྱེལ་རླངས་འཁོར་དང་པོ་དེ་ཐོན་པ་དང་། དགོང་མོའི་ཆུ་ཚོད་9པའི་གཡས་གཡོན་ལ་ཡུལ་སྐོར་བའི་སྒར་ས་ཆེ་མོ་ནས་ཕྱིར་ལོག་རླངས་འཁོར་མཇུག་ཤོས་དེ་གཏོང་གི་ཡོད་པ། སྐར་མ་10རེར་རླངས་འཁོར་རེ་བཏང་ནས་ཡུལ་སྐོར་བ་སྒུག་ཡུན་ཐུང་དུ་གཏོང་བ། ཡུལ་སྐོར་བར་དམིགས་བསལ་དགོས་མཁོ་ཡོད་ཚེ་ད་དུང་རླངས་འཁོར་བརྗེ་པོ་རྒྱག་ས་དང་འབྲེལ་བ་བྱེད་ཆོག་གི་ཡོད།

    གསར་འགོད་པས་རླངས་འཁོར་བརྗེ་པོ་རྒྱག་ས་ནས་ཡུལ་སྐོར་བའི་རླངས་འཁོར་འཇོག་ཡུལ་དང་ཁོར་ཡུག་སྲུང་སྐྱོང་འགྲུལ་སྐྱེལ་རླངས་འཁོར་བརྗེ་པོ་རྒྱག་ས་ཕུད། དོ་དམ་སྡེ་ཚན་གྱིས་ད་དུང་སྨན་བཅོས་འཕྲལ་སྡོམ་ཁུལ་བཙུགས་ཡོད་པ་མཐོང་བྱུང་། དེ་གའི་གུར་ནང་ཡུལ་སྐོར་བས་ཉལ་ཁྲིའི་ཐོག་གསོ་རླུང་རྔུབ་ནས་ངལ་གསོ་ཆོག་གི་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།