[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ས་བབ་མཐོ་བའི་རི་གྲོང་སྐྱ་མོ་ནས། མི་ཚེའི་རིན་ཐང་ངོམས་པའི་བྱ་གཞག་བསྒྲུབས།

    ཀྲུང་གོའི་ས་བབ་མཐོ་ཤོས་ཤང་གི་སྦྲག་སྐྱེལ་པ་ཚེ་རིང་ཆོས་འཕགས་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-16

    ལས་ཀར་ཞུགས་ནས་ལོ་14སོང་རིང་། ཚེ་རིང་ཆོས་འཕགས་ཀྱིས་ཚགས་པར་ཁྲི་148དང་། འཕྲིན་ཡིག་ཁྲི་4.1 བསྐུར་མ་ཁྲི་3.5བཅས་བསྐྱལ་བ་དང་སྦྲག་སྐྱེལ་ལམ་ཐག་སྤྱི་ལེ་ཁྲི་30ཟིན་ཞིང་། ད་བར་སྐྱེལ་རྒྱུར་ལུས་པའམ་བསྐྱལ་ནོར་ཤོར་བའི་གནས་ཚུལ་གཅིག་ཀྱང་ཐོན་མྱོང་མེད་པས་ཡུལ་མི་ཚོས་ཁོང་ལ“རི་གྲོང་གི་ཕོ་ཉ”ཞེས་འབོད་ཀྱི་ཡོད།

    ས་བབ་མཐོ་ཚད་སྨི་5373ཟིན་པ་དང་། ལོར་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་7ལས་མེད་ཅིང་། གསོ་རླུང་འདུས་ཚད་རྒྱ་མཚོའི་ངོས་ཀྱི་40%ཡང་མ་ཟིན་པའི་ཁར། རླུང་གནོན་བདེ་ཐང་ས་ཁུལ་གྱི་ཕྱེད་ཀ་ལས་མེད་པའི་ས་ཆ་འདི་ནི་རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་ཤང་སྟེ། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་རེད།

    སྣ་དཀར་རྩེ་རྫོང་གྲོང་ནས་ཕུ་མ་བྱང་ཐང་ཤང་བར་སྤྱི་ལེ་70ཡོད་པ་དང་གྱེན་ལ་སྨི་800ཙམ་འཛེག་དགོས་ཀྱི་ཡོད་ཅིང་། ཕུ་མ་བྱང་ཐང་ཤང་ནས་སྲིད་འཛིན་གྲོང་ཚོ་6བར་བསྐྱོད་ཐེངས་གཅིག་ལ་སྤྱི་ལེ་160འགྲོ་དགོས་ཀྱི་ཡོད། རྟ་དང་། རྐང་འཁོར། སྦག་སྦག་བཅས་ནས་ཟོག་འདྲེན་རླངས་འཁོར་ཆུང་གྲས་བར་སྦྲག་སྐྱེལ་པ་ཚེ་རིང་ཆོས་འཕགས་ཀྱིས་ལམ་བུ་འདིར་བགྲང་བྱ་14ཏག་ཏག་བསྐྱོད་མྱོང་བ་དང་། གནམ་གཤིས་གྲང་ངར་ཆེ་ལ་ལམ་བགྲོད་དཀའ་བའི་འཛམ་གླིང་ཡང་རྩེའི་དོག་མོ་ས་གོམས་སྟབས་ཀྱིས་འཇལ་ཏེ་གྲོང་ཚོ་དང་། ཤང་། རྫོང་བཅས་བར་ཡི་གེ་དང་དངོས་ཟོག་སྐྱེལ་བའི་སྦྲེལ་ཟམ་ཞིག་བཙུགས་ཡོད།

    “འཛམ་གླིང་ཡང་རྩེའི”ཆ་འཕྲིན་ཕོ་ཉ།

    2005ལོར། ཚེ་རིང་ཆོས་འཕགས་ཀྱིས་འུར་རྡོ་རྒྱབ་ཏུ་བསྐྱུར་ཏེ་ཕུ་མ་བྱང་ཐང་ཤང་གི་སྦྲག་སྐྱེལ་པ་དང་པོ་བྱས། དུས་དེ་ནས་བཟུང་། ཁོང་ནི་ཕུ་མ་བྱང་ཐང་ཤང་དང་ཕྱི་རོལ་ཡུལ་དབར་འབྲེལ་གཏུག་བྱེད་པའི་སྦྲེལ་ཐག་གལ་ཆེན་ཞིག་ཏུ་གྱུར།

    “དེ་སྔ་འདི་གར་གོས་ལྗང་གྱོན་པའི་སྦྲག་སྐྱེལ་པ་མཐོང་མྱོང་མེད་ལ། འབྲོག་པ་ཚོར་ཡི་གེ་འབྱོར་མ་ཐུབ་པ་དང་ཤང་ནས་ཀྱང་ཅ་ལག་བསྐུར་གྱི་མེད”ཅེས་ཚེ་རིང་ཆོས་འཕཌ་ཀྱིས་བརྗོད་ཅིང་། ཁོང་སྦྲག་སྐྱེལ་པ་བྱས་མ་ཐག་པའི་སྐབས་སུ་ཟླ་རེར་མང་ཤོས་ལ་ཡི་གེ་གཅིག་གཉིས་ལས་སྐྱེལ་དགོས་ཀྱི་མེད།

    ལས་འབོར་ཧ་ཅང་ཉུང་ནའང་དཀའ་ལས་མེད་པ་མིན་ཏེ། “ཕུ་མ་བྱང་ཐང་ནི་འབྲོག་ལས་རྐྱང་པའི་ཤང་ཞིག་ཡིན་པས་མི་རྣམས་ཕྱུགས་འཚོ་བར་བསྐྱོད་ཚེ་འཚལ་ཁག་པོ་ཡོད། ཐེངས་ཤིག་འབྲོག་པ་ཞིག་ལ་ཛ་དྲག་གི་ཡི་གེ་ཞིག་འབྱོར་བས་ངས་རྐང་འཁོར་བཞོན་ཏེ་ཉིན་འགའ་ཤས་བཙལ་རྗེས་གཞི་ནས་ཁོང་གི་ལག་ཏུ་འཕྲོད་ཙམ་བྱུང”ཞེས་ཚེ་རིང་ཆོས་འཕགས་ཀྱིས་བཤད།

    ཕུ་མ་བྱང་ཐང་ཤང་ས་མཚམས་གྲོང་ཚོའི་ཀྲུའུ་རེན་བཀྲ་ཤིས་ཀྱིས“དེ་སྔ་འདི་གར་སྤྱིར་ན་ཕྱི་རོལ་ཡུལ་དང་འབྲེལ་བ་མེད་ལ་ལམ་ཡང་ཡག་པོ་མེད་པ་དང་གློག་བརྟན་པོ་མེད། ཉིན་འགའ་ཤས་ལ་ཚགས་པར་ཐེངས་གཅིག་འབྱོར་བ་ནི་ང་ཚོས་ཕྱི་རོལ་ཡུལ་ཤེས་རྟོགས་བྱེད་ཐབས་འབའ་ཞིག་རེད། དེ་ནི་སྦྲག་སྐྱེལ་པར་ཐུགས་རྗེ་ཆེ་ཞུ་དགོས”ཞེས་བཤད།

    ཕྱིས་སུ་ཚེ་རིང་ཆོས་འཕགས་ཀྱི་ལས་ཀ་བྲེལ་བ་ཇེ་ཆེར་སོང་ཞིང་། 2013ལོ་ནས་བཟུང་ཁོང་གིས་ཡུལ་མི་ཚོར་དྲ་ཐོག་ནས་ཅ་དངོས་ཉོ་སྟངས་སློབ་པ་དང་། ལོ་ན་བགྲེས་པའི་ཨ་མ་རྒན་མོར་ཕྲུ་གུ་དང་བརྙན་ལམ་ནས་སྐད་ཆ་ཤོད་སྟངས་སློབ་པ། ཡུལ་མི་ཚོར་ཅ་དངོས་ཇི་ལྟར་བསྐུར་དགོས་མིན་སློབ་ཀྱི་ཡོད། “གྲོང་ཚོར་དྲ་ཚོང་དུས་རབས་འཆར་ལ་ཉེ་བས། ཁོང་ཚོར་ཅ་དངོས་བསྐུར་སྟངས་བསླབས་ཚེ་ཡུལ་ཟོག་བཙོངས་ནས་ཡོང་འབབ་གསོག་ཐུབ”ཅེས་ཚེ་རིང་ཆོས་ འཕགས་ཀྱིས་བཤད།

    བགྲང་བྱ་བཅུ་རྐང་ཐང་མར་བསྐྱོད་པའི་འགྲུལ་བཞུད་པ།

    ཚེ་རིང་ཆོས་འཕགས་ཀྱིས་ཕུ་མ་བྱང་ཐང་ཤང་གི་སྲིད་འཛིན་གྲོང་ཚོ་6ཚང་མར་བསྐྱོད་པར་ཉིན་2འགོར་ཞིང་། ཉིན་ལྟར་སྦྲག་སྐྱེལ་ལམ་ཐག་ཆ་སྙོམས་སྤྱི་ལེ་50ཟིན་པ་དང་ལམ་ཕྱེད་ཀ་ཙམ་རྦད་དེ་རྐང་ཐང་མར་འགྲོ་དགོས་ཀྱི་ཡོད།

    འདི་ལྟ་བུའི་ལམ་བུ་ཁོང་གིས་བགྲང་བྱ་བཅུ་བསྐྱོད་ཡོད།

    དུས་ཡུན་རིང་པོ་ས་བབ་མཐོ་བའི་ས་ཁུལ་དུ་ལས་ཀ་བྱས་པར་བརྟེན་ལོ་30ལ་སླེབས་ཙམ་གྱི་ཚེ་རིང་ཆོས་འཕགས་ལ་གྲུམ་བུའི་ནད་ཕོག་པ་དང་ཁྲག་ཤེད་མཐོ་པོ་ཆགས་ཡོད། 2015ལོར་རྫོང་སྦྲག་སྲིད་ཅུས་སུ་ལས་ཀ་བསྒྱུར་རྗེས་ཁོང་གིས་རྫོང་ནས་ཤང་བར་ཚགས་པར་དང་། ཡི་གེ བསྐུར་མ་བཅས་སྐྱེལ་གྱི་ཡོད། ཚེ་རིང་ཆོས་འཕགས་ཀྱིས་རང་འཁྲིའི་ལས་དོན་ལ་འགན་ནན་ཏན་འཁུར་བ་མ་ཟད་ཡུལ་མི་ཚོའང་རང་ཉིད་ཀྱི་གཉེན་ཉེ་ལྟར་བརྩི་ཡི་ཡོད།

    ལས་ཀར་ཞུགས་ནས་ལོ་14སོང་རིང་། ཚེ་རིང་ཆོས་འཕགས་ཀྱིས་ཚགས་པར་ཁྲི་148དང་། འཕྲིན་ཡིག་ཁྲི་4.1 བསྐུར་མ་ཁྲི་3.5བཅས་བསྐྱལ་བ་དང་སྦྲག་སྐྱེལ་ལམ་ཐག་སྤྱི་ལེ་ཁྲི་30ཟིན་ཞིང་། ད་བར་སྐྱེལ་རྒྱུར་ལུས་པའམ་སྐྱེལ་ནོར་ཤོར་བའི་གནས་ཚུལ་གཅིག་ཀྱང་ཐོན་མྱོང་མེད་པས་ཡུལ་མི་ཚོས་ཁོང་ལ“རི་གྲོང་གི་ཕོ་ཉ”ཞེས་འབོད་ཀྱི་ཡོད།

    “ང་ནི་གུང་ཁྲན་ཏང་ཡོན་ཞིག་ཡིན་པས་ཡུལ་མི་ཚོར་ཕན་ཐོགས་ཡོད་ཚེ་ངས་བདམས་ཟིན་པའི་སྦྲག་སྐྱེལ་གྱི་ལས་སྔར་བཞིན་དོན་གཉེར་བྱེད་ཀྱི་ཡིན”ཞེས་ཚེ་རིང་ཆོས་འཕགས་ཀྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི་དད་སེམས་བརྟན་པོ་ལག་ལེན་བསྟར་བཞིན་ཡོད།

    དུས་རབས་གསར་པའི་ཕུགས་འདུན་དོན་གཉེར་མཁན་ཞིག

    སྦྲག་སྐྱེལ་ལས་དོན་ཡག་པོ་སྒྲུབ་པ་དང་དུས་མཚུངས་ཚེ་རིང་ཆོས་འཕགས་ཀྱིས་སྔར་ནས་ཡུལ་མི་ཚོར་ཏང་གི་སྲིད་ཇུས་དྲིལ་བསྒྲགས་དང་སྦྲག་སྲིད་ལ་དངུལ་བཅོལ་སྟངས་དང་། དེ་བཞིན་དྲ་ཐོག་ནས་ཁ་པར་འགྲོ་གྲོན་སྐྱེལ་སྟངས་སོགས་སློབ་ཀྱི་ཡོད།

    ཡུལ་འདིའི་ཞིང་འབྲོག་པ་མང་པོ་ཞིག་ལ་དངུལ་ཁང་དུ་དངུལ་བཅོལ་བའི་འདུ་ཤེས་མེད་པས་ཚེ་རིང་ཆོས་འཕགས་ཀྱིས་དུད་ཚང་གཅིག་ཏུ་སླེབས་རིམ་བཞིན་ཡུལ་མི་ཚོར་ཚན་རིག་དང་མཐུན་པའི་ངང་དངུལ་གསོག་སྟངས་དང་དངུལ་བསགས་པའི་ཕན་ཡོན་བཤད་དེ་ཁོང་ཚོར་དངུལ་ཁང་དུ་དངུལ་བཅོལ་རོགས་བྱེད་ཀྱི་ཡོད།

    “མི་དམངས་སྦྲག་སྲིད་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ”ཁོང་གི་ངོས་ནས་བརྗོད་ན་བྱ་བ་འདི་དག་ནི་གླེང་རིན་མེད་པ་ཤ་སྟག་ཡིན་མོད། ཡིན་ནའང་བྱ་བ་ཆུང་ཙག་ཚང་མ་ཡག་པོ་བསྒྲུབས་ཚེ་སྤྲོ་སྣང་དངོས་འཕེལ་ཐུབ་པ་དང་མི་ཚེའི་རིན་ཐང་མངོན་ཐུབ་ཀྱི་ཡོད།

    ཉེ་ཆར། ཚེ་རིང་ཆོས་འཕགས་ལ“ཀྲུང་གོ་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས”ཐོབ་པས་ཁོང་གི་ལས་ཀའི་ཧུར་སེམས་སྔར་བས་ཆེ་རུ་སོང་། ཏང་དང་སྲིད་གཞུང་གི་སྲིད་ཇུས་ཡུལ་མི་ཚོར་སྔར་བས་ལེགས་པའི་ངང་བརྒྱུད་བསྒྲགས་བྱ་ཆེད། ཁོང་གིས་རྒྱ་སྐད་ཤོད་སྟངས་དང་རྒྱ་ཡིག་འབྲི་སྟངས་ཧུར་ཐག་སྦྱོང་བཞིན་ཡོད།

    ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག “གནམ་མཐའི་ཡུལ་ལུང”ཟེར་བའི་ཕུ་མ་བྱང་ཐང་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། འབྱུང་འགྱུར་སྐོར་གླེང་སྐབས་ཚེ་རིང་ཆོས་འཕགས་ཀྱིས“ངས་མུ་མཐུད་འབད་བརྩོན་བྱས་ཏེ་མང་ཚོགས་དེ་བས་མང་བར་རོགས་རམ་གྱིས་དུས་རབས་གསར་པའི་ཕུགས་འདུན་དོན་གཉེར་མཁན་ཡག་པོ་ཞིག་བྱེད་ཀྱི་ཡིན”ཞེས་བཤད་པ་རེད། (ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་5ཚེས་14ཉིན་འབྱོར་པའི་གློག་འཕྲིན)

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།