[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རྒྱ་སྐད་བདེ་བའི་སྒྲིག་ཁོངས་ཕྱིའི་གྲོང་སྡོད་ལས་དོན་པ་བྱང་ཆུབ་ཤེས་འཕེལ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-19

    ཐོ་རེངས་ཀྱི་སྐྱ་མདའ་བཏང་བའི་མུ་ལ་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ནག་ཆུ་གྲོང་རྡལ་དཀར་ཆེན་གྲོང་ཚོ་མུན་པའི་ཀློང་ནས་བསླངས། སྐབས་དེར་ལོ་21ལ་སླེབས་པའི་ན་གཞོན་བྱང་ཆུབ་ཤེས་འཕེལ་རྡོག་ཆས་བརྒྱབ་ནས་ཕྱོགས་ལ་ཐོན་རྩིས་བྱས།

    2015ལོར་ཁྱིམ་ཚང་གི་འཁོས་ཀ་ཞན་པའི་དབང་གིས་བྱང་ཆུབ་ཤེས་འཕེལ་དམའ་འབྲིང་ཐོན་རྗེས་སློབ་ར་ནས་ཁ་བྲལ་ཏེ་ཁྱིམ་དུ་ནོར་ལུག་འཚོ་བར་ལོག

    2016ལོར་གྲོང་མི་རྣམས་ཀྱི་འོས་སྦྱོར་འོག་བྱང་ཆུབ་ཤེས་འཕེལ་གྱིས་གཉིས་ལྡན་དུད་སྦྲེལ་གྱི་སྤྱི་མི་བྱས་པ་དང་། “ལོ་རེར་ཡོང་འབབ་སྒོར་ཉིས་སྟོང་ཡོད་པ་ཕུད། ད་དུང་གྲོང་ཚོ་ཨུ་ལྷན་གྱི་བསྡུས་གསལ་སྙན་ཞུ་དང་བརྡ་ཐོ་སོགས་ཡིག་ཆ་དང་དཔྱད་གཞིར་ལྟ་བའི་གོ་སྐབས་རག་གི་འདུག”ཅེས་བྱང་ཆུབ་ཤེས་འཕེལ་གྱིས་དགའ་སྤྲོའི་ངང་བཤད།

    2018ལོར་ཤིས་ཨན་དུ་བཅའ་སྡོད་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཁྲུའི་གྲོང་སྡོད་ལས་དོན་རུ་ཁག་གི་བཅའ་སྡོད་ས་ཚིགས་གཞིས་རྩེ་གྲོང་ཁྱེར་ནས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ནག་ཆུ་གྲོང་རྡལ་དཀར་ཆེན་གྲོང་ཚོར་བསྒྱུར། ཐེངས་ཤིག་གྲོང་སྡོད་ལས་དོན་རུ་ཁག་ལ་ལྡེ་མིག་སྐྱེལ་བར་ཕྱིན་པ་ལས་བྱང་ཆུབ་ཤེས་འཕེལ་དང་གྲོང་སྡོད་ལས་དོན་རུ་ཁག་དབར་འབྲེལ་བ་བྱུང་།

    “ང་ཚོ་དཀར་ཆེན་གྲོང་ཚོར་སླེབས་པའི་ཉིན་དང་པོར་གྲོང་ཚོའི་ལས་བྱེད་པ་རྫོང་དུ་ཚོགས་འདུར་ཕྱིན་པ་དང་སྐབས་འཁེལ། སྐབས་དེར་ན་གཞོན་ཞིག་གིས་ང་ཚོར་སྒོ་ཕྱེ་རོགས་བྱས་པ་དང་སྦྲགས། ང་ཚོའི་རྡོག་ཁྲེས་དབོར་རོགས་བྱས་བྱུང”ཞེས་དང་། གྲོང་སྡོད་ས་ཚིགས་བསྒྱུར་རྗེས་ཤིས་ཨན་དུ་བཅའ་སྡོད་རང་སྐྱོང་ལྗོངས་སྲིད་གཞུང་དོན་གཅོད་ཁྲུའི་དཀར་ཆེན་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་དང་པོའི་རུ་དཔོན་ལིའུ་ཧྲུའུ་ཡན་གྱིས“དང་ཐོག་བྱང་ཆུབ་ཆོས་འཕེལ་འཕྲད་སྐབས་ཁོ་པས་འཚེར་སྣང་ཅུང་བྱེད་ཀྱི་འདུག”ཅེས་ཕྱིར་དྲན་བྱེད་བཞིན་བརྗོད།

    གྲོང་སྡོད་ལས་དོན་རུ་ཁག་ཐོག་མར་སླེབས་སྐབས་དཀའ་གནད་ཆེ་ཤོས་ནི་སྐད་བརྡ་མི་འཕྲོད་པར་ལས་དོན་སྤེལ་ཁག་པོ་ཡོད་པ་དེ་རེད། བྱང་ཆུབ་ཤེས་འཕེལ་གྱིས་གནས་ཚུལ་དེ་ཤེས་རྗེས་རང་འགུལ་ངང་རེ་ཞུ་དང་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་མཐུན་སྦྱོར་འོག་ཁོ་པ་གྲོང་སྡོད་ལས་དོན་རུ་ཁག་དང་མང་ཚོགས་དབར་གྱི་འོས་འགན་སྐད་སྒྱུར་པར་གྱུར།

    “བྱང་ཆུབ་ཤེས་འཕེལ་གྲོང་སྡོད་ལས་དོན་ནང་ཞུགས་རྗེས་ང་ཚོའི་ལས་དོན་ཁག་ཁྱོན་ཡོངས་ནས་ཡག་པོ་སྤེལ་ཐུབ་སོང་། གྲོང་ཚོའི་ཚོགས་ཆུང་ཁག་ཏུ་བཅར་འདྲི་དང་ཡང་ན‘སྣང་ཆེན་བཞི་དང་དགའ་ཆེན་བཞི’སོགས་སྒྲོག་འགྲེལ་བྱེད་སྒོ་སྤེལ་སྐབས་བྱང་ཆུབ་ཤེས་འཕེལ་གྱིས་འཕྲལ་དུ་ང་ཚོར་ལས་དོན་སྤེལ་རོགས་བྱེད་ཀྱི་ཡོད”ཅེས་ལིའུ་ཧྲུའུ་ཡན་མིག་ནང་གི“འཚེར་སྣང་ཅུང་བྱེད་པའི”ན་གཞོན་དེ་ཁོང་གི་ངོས་ནས་བརྗོད་ན་ཧ་ཅང་སྙིང་ཉེ་བ་ཞིག་ཡོད།

    ལས་ཞོར་དུ་སློབ་སྦྱོང་བྱེད་རྒྱུ་ནི་བྱང་ཆུབ་ཤེས་འཕེལ་གྱིས་ཆེས་དགའ་ཤོས་བྱེད་པའི་བྱ་བ་ཞིག་རེད། རྒྱ་ཡིག་ཡིག་འབྲུ་གཅིག་གམ་གཏམ་དཔེ་ཚིག་གཅིག་ཤེས་ཚེ་ཡི་གེའི་བཟོ་ལྟ་ནས་བརྡ་སྤྲོད་སྟངས་བར་སློབ་སྦྱོང་ཞིབ་ཕྲ་བྱེད་པའི་བྱ་བ་ཆུང་ཙག་དེ་ལྟ་བུ་ལས་ཁོ་པར་དགའ་སྤྲོ་དཔག་ཏུ་མེད་པ་སྦྱིན། ད་ཆ་གྲོང་སྡོད་ལས་དོན་རུ་མིའི་རོགས་རམ་འོག་བྱང་ཆུབ་ཤེས་འཕེལ་གྱིས་གློག་ཀླད་བཀོལ་ནས་རེའུ་མིག་བཟོ་བ་དང་། དཔྱད་གཞི་བཟོ་བ། བསྡུས་གསལ་སྙན་ཞུ་འབྲི་བ་སོགས་ཤེས་ཀྱི་ཡོད།

    གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོ“ཨུ་ལྷན་གཉིས”དབར་གྱི་སྤེལ་རེས་ཀྱི་དཀའ་ངལ་སེལ་ཕྱིར་གྲོང་སྡོད་ལས་དོན་རུ་ཁག་གི་རོགས་རམ་འོག་བྱང་ཆུབ་ཤེས་འཕེལ་གྱིས“སྐད་གཉིས་སློབ་ཁྲིད”བྱས་པ་སྟེ། གཟའ་འཁོར་རེའི་གཟའ་པ་སངས་ཀྱི་ཕྱི་དྲོར་གྲོང་སྡོད་ལས་དོན་རུ་མིར་བོད་སྐད་སློབ་པ་དང་། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིར་རྒྱ་སྐད་སློབ་ཀྱི་ཡོད། བྱང་ཆུབ་ཤེས་འཕེལ་གྱི་སློབ་ཁྲིད་བྱེད་སྟངས་ཁྱད་ཆོས་ལྡན་ལ་དཔེ་གསར་ཞིག་ཡོད་པས། རིམ་བཞིན་གྲོང་ཚོའི་འབྲོག་དམངས་ཚོ་ཡང་འཚང་ཁ་ཤིག་ཤིག་ངང་སློབ་ཚན་ཉན་པར་ཡོང་།

    ལས་འགན་ལྕི་ལ་ཐོབ་ཆ་མེད་པར་བྱང་ཆུབ་ཤེས་འཕེལ་གནོང་འགྱོད་མེད་དམ། “ལས་དོན་རུ་ཁག་དང་མཉམ་དུ་ལས་ཀ་བྱས་ན། གློག་ཀླད་ཀྱི་ཤེས་བྱ་དང་། རྒྱ་སྐད་ཆུ་ཚད། ལས་སྒོའི་འཇོན་ཐང་སོགས་ཆེ་རུ་ཕྱིན་པ་མ་ཟད། ད་ཆ་ང་རང་ཏང་ཞུགས་ཧུར་བརྩོན་པ་ཞིག་ཡིན”ཞེས་བྱང་ཆུབ་ཤེས་འཕེལ་གྱིས་ཐོབ་ཆར་སྣང་བ་ཅི་ཡང་གཏོང་གི་མེད་དེ། གྲོང་སྡོད་ལས་དོན་རུ་ཁག་ལ་རོགས་རམ་བྱེད་པ་ནི་རང་ཉིད་ཀྱི་ཡུལ་མི་ཚོར་རོགས་རམ་བྱས་པ་ཡིན་པ་གསལ་པོར་ཤེས་ཀྱི་ཡོད་པས་རེད།

    གྲོང་སྡོད་ལས་དོན་རུ་ཁག་དང་མཉམ་དུ་ལས་དོན་སྒྲུབ་པ་ནས་བཟུང་། སྣོད་བཅུད་ལས་གནས་ཀྱི་དབུལ་སྐྱོར་དང་། ཐོན་ལས་དབུལ་སྐྱོར། སློབ་གྲྭ་ཆེ་མོ་བའི་སློབ་ཡོན་གྱི་ཁ་གསབ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་སོགས་སྲིད་ཇུས་ཁག་བྱང་ཆུབ་ཤེས་འཕེལ་གྱིས་གསལ་པོ་ཤེས་ཀྱི་ཡོད།

    བྱང་ཆུབ་ཤེས་འཕེལ་གྱི་སྐོར་གླེང་སྐབས་གྲོང་མི་ཀུན་གྱིས་བསྟོད་པའི་མཐེ་བོང་བསྒྲེང་བར་བྱེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།