[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ལོ་40རིང་ལྗོན་ཤིང་རྐང་4500སྐྱེ་འཚར་ཡོང་བ་བྱས་པ།

    ཐང་རྒོད་ནགས་ཚལ་དུ་བསྒྱུར་པའི་བྱས་རྗེས་ངོ་མཚར་ཅན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-18

    རིན་སྤུངས་རྫོང་དུ་དཔྱིད་ཀ་སླེབས་འཕྱི་བ་དང་། བྱེ་བ་ཤང་ནས་ཐོན་ཏེ་ཡར་ཀླུང་གཙང་པོའི་བྱང་དུ་སྤྱི་ལེ་10ལྷག་བསྐྱོད་ན་ཆ་སྙོམས་ས་བབ་མཐོ་ཚད་སྨི་4100ཟིན་པའི་རྒྱལ་གཞོང་གྲོང་ཚོར་འབྱོར་གྱི་ཡོད། རི་འདབས་ཀྱི་ལྗོན་ཤིང་གི་ལྗང་མྱུག་འབུས་ཟིན་ནའང་། རི་སྐེད་ཀྱི་ལྗོན་ཤིང་གིས་ད་དུང་ཁུ་སིམ་མེར་དཔྱིད་དཔལ་སྒུག་བཞིན་འདུག

    ལམ་ཞོར་དུ་ཡུལ་དེའི་ལས་བྱེད་པ་ཁ་ཤས་ཀྱིས་ཕུར་བུ་རྣམ་རྒྱལ་ངོ་སྤྲོད་ཡང་ཡང་བྱེད་ཅིང་། རྒྱལ་གཞོང་གྲོང་ཚོའི་གང་སར་མཐོང་རྒྱུ་ཡོད་པའི་ཤིང་སྡོང་དག་ནི་ཁོང་གིས་བཙུགས་པའམ་ཡང་ན་གཡོག་བྱེད་བྱས་པ་ཤ་སྟག་ཡིན།

    ཕུར་བུ་རྣམ་རྒྱལ་དང་འཕྲད་སྐབས་གདོང་མདོག་སྨུག་པོ་དང་སྐྲ་དང་སྨ་ར་དཀར་པོ་ཡིན་པས་ཁོང་གི་གཟུགས་བརྙན་ལམ་སེང་ཡིད་ལ་ངེས་ཀྱི་འདུག 1978ལོར་སྒྱུར་བཅོས་སྒོ་དབྱེའི་དཔྱིད་རླུང་རྒྱལ་གཞོང་གྲོང་ཚོར་ལྡང་བ་དང་ཆབས་ཅིག་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཛུགས་སྐྲུན་གྱི་ཧུར་སེམས་ཆེས་ཆེར་འཕེལ་བ་དང་ཕུར་བུ་རྣམ་རྒྱལ་ཡང་དེ་ལྟར་ཡིན། “དེ་དུས་རིན་སྤུངས་རྫོང་དུ་ཤིང་སྡོང་ཉུང་ནའང་ཁང་པ་རྒྱག་པ་དང་འཛུགས་སྐྲུན་བྱེད་དགོས་ན་ཤིང་ཆ་དགོས་ཀྱི་ཡོད་པས་ལམ་སེང་ལྗོན་ཤིང་འཛུགས་པའི་ཚ་རླབས་འཕྱུར་ཡོད། སྒྱུར་བཅོས་སྒོ་དབྱེ་འགོ་ཚུགས་སྐབས་དང་ཐོག་གྲོང་ཚོའི་ནང་ལྗོན་ཤིང་འཛུགས་རྒྱུའི་བཀོད་སྒྲིག་བྱས་ནས་མི་རེས་ལོ་ལྟར་ལྗོན་ཤིང་རྐང་5རེ་འཛུགས་དགོས་ཀྱི་ཡོད”ཅེས་ཕུར་བུ་རྣམ་རྒྱལ་གྱིས་ཕྱིར་དྲན་བྱེད་བཞིན་བཤད། 

    གནམ་གཤིས་ཀྱི་ཤུགས་རྐྱེན་དང་དེའི་ཁར་ལག་རྩལ་ཞན་ལ་གཡོག་བྱེད་མི་ཤེས་པས་ལྗོན་ཤིང་གསོན་ཚད་ཉུང་ལ་ཕན་འབྲས་ཆུང་བས་མི་མང་པོའི་སེམས་ཤུགས་ཀྱང་རིམ་བཞིན་ཆག་ནས་དཔལ་འབྱོར་གྱི་ཕན་འབྲས་ཆེ་བའི་རྣམ་གྲངས་ཐད་སེམས་ནུས་འདོན་འདོད་ཡོད་པ་རེད། འོན་ཀྱང་ཕུར་བུ་རྣམ་རྒྱལ་གཅིག་པུས་ཤིང་འཛུགས་ཀྱི་རྒྱུན་བསྐྱངས། 

    སྡོང་ཕྲུག་མེད་པ་དང་སྡོང་ཕྲུག་གསོ་ཉར་མི་ཤེས་པས་ཕུར་བུ་རྣམ་རྒྱལ་གྱིས་གཞན་ལ་དྲིས་པ་དང་སྦྱོང་བ་སོགས་བྱས་མཐར་སྡོང་ཕྲུག་ཉར་གསོ་བྱེད་ཚུལ་རྟོགས་པ་རེད། 

    ལྗོན་ཤིང་གསོན་ཚད་མང་དུ་གཏོང་ཆེད་ཕུར་བུ་རྣམ་རྒྱལ་གྱིས“ཐབས་ཤེས་གླེན་ཤོས”ཤིག་རྙེད་མོད། འོན་ཀྱང་ཐབས་ཤེས་དེ་གོ་ཆོད་ཤོས་སུ་གྱུར། སྡོང་ཕྲུག་གཅིག་མ་གསོན་ན་སྡོང་ཕྲུག་གཉིས་འཛུགས་པ་དང་། སྡོང་ཕྲུག་གཉིས་མ་གསོན་ན་སྡོང་ཕྲུག་4འཛུགས་པ་སོགས་བྱས་ནས་ལོ་དང་ཟླ་བ་རིམ་གྱིས་འདས་པ་དང་སྦྲགས་ལྗོན་ཤིང་གསོན་པ་རེད། 

    “ལྗོན་ཤིང་འཛུགས་རྒྱུ་ཁག་པོ་མེད། ཁག་ཤོས་ནི་དེ་དག་སྐྱེ་འཚར་ཇི་ལྟར་ཡོང་བར་བྱ་རྒྱུ་དེ་ཡིན། ལྗོན་ཤིང་སྐྱེ་འཚར་ཡོང་དགོས་ན་ཡུན་རིང་པོ་གཡོག་བྱེད་དང་ཆུ་འདྲེན་དགོས་ལ་ནོར་ལུག་དང་ཆུ་ལོག་སོགས་ཀྱི་གནོད་འཚེ་འགོག་ཐབས་་བྱེད་དགོས”ཞེས་ཤིང་འཛུགས་སྐོར་གྱི་དཀའ་ངལ་གླེང་སྐབས་ཕུར་བུ་རྣམ་རྒྱལ་གྱིས་ཚོར་བ་ཟབ་མོས་བཤད།

    ལོ་40རིང་ལྗོན་ཤིང་དེ་དག་རིམ་གྱིས་འཚར་ནས་ནགས་ཚལ་དུ་གྱུར་པ་དང་དཔལ་འབྱོར་གྱི་ཕན་འབྲས་ཐོན་ཁར་སྣོད་བཅུད་ཁོར་ཡུག་ཀྱང་ལེགས་སུ་སོང་བ་མཐོང་སྐབས་ཕུར་བུ་རྣམ་རྒྱལ་དགའ་ཚོར་ཆེན་པོ་བྱུང་ཡོད།

    གསར་འགོད་པས་ཤིང་འཛུགས་སྐོར་ཤེས་རྟོགས་བྱེད་པར་ཡོང་རྒྱུ་ཐོས་སྐབས། ཕུར་བུ་རྣམ་རྒྱལ་གྱིས་ནགས་ཚལ་དུ་ཉིན་ཧྲིལ་པོ་3བསྐྱོད་ནས་རང་ཉིད་ཀྱིས་བཙུགས་པའི་ལྗོན་ཤིང་རེ་རེ་བཞིན་གྲངས་ཀ་བརྒྱབ་པས་ཁྱོན་ལྗོན་ཤིང་རྐང་4500ཡོད་པ་རེད།

    ཕུར་བུ་རྣམ་རྒྱལ་གྱི་ཤུགས་རྐྱེན་འོག་རྒྱལ་གཞོང་གྲོང་ཚོའི་གྲོང་མི་རྣམས་ཀྱང་སྡོང་གཅེས་དང་། སྡོང་འཛུགས། སྡོང་སྲུང་བཅས་ཀྱི་དཔུང་ཁག་ནང་གཅིག་རྗེས་གཉིས་མཐུད་ངང་ཞུགས་ཤིང་། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། རྒྱལ་གཞོང་གྲོང་ཚོའི་གྲོང་མིས་སྔ་རྗེས་སུ་ལྗོན་ཤིང་རྐང་162800ཙམ་བཙུགས་པར་རྒྱ་ཁྱོན་མུའུ་2200བཟུང་ཡོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།