[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ཀྱི་གནའ་རྫས་རྟོག་ཞིབ་རིག་པའི་རིག་གནས་ཞིབ་འཇུག་ལ་འཕེལ་རྒྱས་ཆེན་པོ་བྱུང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-14

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་ཡི་ལོ་འཁོར་ལས་སྒོའི་སྐོར་གྱི་དམངས་ཚོགས་མཉམ་སྤྱོད་སྙན་ཞུའི་ཚོགས་འདུའི་ཐོག་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། 2018ལོར་སུའོ་དེས་བོད་ལྗོངས་མངའ་རིས་དང་། ལྷོ་ཁ། ནག་ཆུ་སོགས་སུ་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་དང་སྔོག་འདོན་ལས་དོན་སྤེལ་བ་དང་། འབྲེལ་ཡོད་གྲུབ་འབྲས་ཀྱིས་བོད་ཀྱི་གནའ་རྫས་རྟོག་ཞིབ་རིག་པའི་རིག་གནས་གཏོད་རྒྱུར་དངོས་པོའི་དཔྱད་གཞི་རྩ་ཆེན་མཁོ་འདོན་ཐུབ་སྟེ། བོད་ཀྱི་ས་ཁོངས་རང་བཞིན་གྱི་གནའ་རྫས་རྟོག་ཞིབ་རིག་པའི་ལོ་རབས་གྲངས་གཞིའི་སྟོང་ཆ་བསྐངས་ཡོད་པ་རེད།

    ཀྲུང་གོ་ཚན་རིག་ཁང་གནའ་བོའི་སྲོག་ཆགས་སྒལ་རུས་ཅན་གྱི་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཀྱི་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཝང་ཧྲེ་ཅང་གིས། བོད་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་དང་ཀྲུང་གོ་ཚན་རིག་ཁང་གིས་མངའ་རིས་ས་ཁུལ་དགེ་རྒྱས་རྫོང་གི་མེ་ལོང་ལྟག་ཕུག་ལ་མཉམ་དུ་ཚན་རིག་དང་མཐུན་པའི་གནའ་རྫས་རྟོག་ཞིབ་བྱས་པས། སྲོག་ཆགས་ཀྱི་རུས་སྒྲོམ་དང་། རྡོ་ཆས། རྫ་ཆག་བཅས་ཁྱོན་1500ལྷག་སྔོག་འདོན་ཐུབ་ཡོད་པ་རེད།

    “མེ་ལོང་ལྟག་ཕུག་གནའ་ཤུལ་ནི་ཉུང་མཐར་ཡང་ལོ་4000སྔོན་གྱི་ཡིན་ལ། འདི་ནི་མཚོ་བོད་ས་མཐོ་ནས་རྙེད་པའི་བསྐལ་པ་ཡ་ཐོག་གི་བྲག་ཕུག་ཅིག་དང་ས་མཐོའི་ཕང་བ་རུ་ས་རིམ་ཆ་འཕྲིན་གསལ་པོ་ཡོད་པའི་རྡོ་ཆས་འཇམ་རིགས་ཀྱི་རིག་གནས་གནའ་ཤུལ་ཞིག་རེད། གནའ་ཤུལ་དེ་རྙེད་པ་ལས་མཚོ་བོད་ས་མཐོའི་ནུབ་རྒྱུད་ཀྱི་གནའ་བོའི་མིའི་རིགས་ཀྱི་འཚོ་སྡོད་གནས་ཚུལ་དང་། གནས་སྤོ་རིམ་འགྱུར། མཉམ་འགུལ་སྤེལ་རེས་སོགས་ཀྱི་ཐད་དཔྱད་བསྡུར་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་མ་ཟད། ད་དུང་རྡོ་ཆས་འཇམ་རིགས་ཀྱི་ལག་རྩལ་ལྡན་པའི་མི་ཚོགས་ས་མཐོའི་ཕང་བར་འཚོ་སྡོད་བྱས་པའི་དུས་ཚོད་དང་འཚོ་ཐབས་ལ་ཞིབ་འཇུག་བྱེད་པར་གཞི་འཛིན་ས་གལ་ཆེན་ཞིག་མཁོ་འདོན་བྱས་ཡོད”ཅེས་ཝང་ཧྲེ་ཅང་གིས་བརྗོད་པ་རེད།

    སི་ཁྲོན་སློབ་ཆེན་གནའ་རྫས་རྟོག་ཞིབ་རིག་པའི་ཚན་ཁག་གི་ལས་དོན་མི་སྣ་ཀྲང་ཞའོ་ཝུན་གྱིས། བོད་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་དང་སི་ཁྲོན་སློབ་ཆེན་གནའ་རྫས་རྟོག་ཞིབ་རིག་པའི་ཚན་ཁག་གིས་ལོ་བཞི་བསྟུད་མར་གནའ་རྫས་རྟོག་ཞིབ་དང་སྔོག་འདོན་ལས་དོན་མཉམ་དུ་སྤེལ་བས། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གི་སྤང་དཀར་གནའ་ཤུལ་གྱི་གནའ་རྫས་རྟོག་ཞིབ་དང་སྔོག་འདོན་ཞིབ་འཇུག་ལས་དོན་ལ་གཞི་ནས་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ཅེས་བརྗོད་པ་རེད།

    “འདི་ལོར་སྤང་དཀར་གནའ་ཤུལ་གྱི་ཁང་པ་དང་ཐབ་སོགས་རྗེས་ཤུལ་སྣ་ཚོགས་455གཙང་སེལ་བྱས་ནས། ད་བར་ལོ་3000ཡས་མས་ཀྱི་དུས་འགོའི་འདུས་སྡོད་ཁུལ་གྱི་རྗེས་ཤུལ་ཁྱོན་ཡོངས་ནས་མངོན་པར་བྱས་པ་དང་། ཐེངས་འདིའི་སྔོག་འདོན་གྲུབ་འབྲས་ཀྱིས་བོད་དབུས་རྒྱུད་ཀྱི་རྡོ་ཆས་གསར་པའི་དུས་མཇུག་གི་འདུས་སྡོད་ཁུལ་གྱི་གནའ་རྫས་རྟོག་ཞིབ་རིག་པ་དང་སྤྱི་ཚོགས་འཕེལ་འགྱུར་སོགས་ལ་ཞིབ་འཇུག་བྱེད་པར་དངོས་པོའི་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད”ཅེས་ཀྲང་ཞའོ་ཝུན་གྱིས་བརྗོད་པ་རེད།

    བོད་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་ཡི་ལས་དོན་མི་སྣ་གཡུ་མཚོ་ཡིས། བོད་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་དང་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་རིག་དངོས་ཅུས་སོགས་ཀྱིས་མཉམ་དུ་སྤེལ་བའི་སེང་དར་ལུང་མདོ་བང་སོའི་ཚོགས་ཀྱི་གནའ་རྫས་རྟོག་ཞིབ་དང་སྔོག་འདོན་བྱས་པ་བརྒྱུད། བང་སོ་དེ་དག་ནི་སྤྱི་ལོའི་སྔོན་གྱི་ལོ་200ནས་སྤྱི་ལོ་200བར་གྱི་ཡིན་པ་ར་འཕྲོད་བྱུང་བས། བཙན་པོའི་དུས་ཀྱི་སྟོད་མངའ་རིས་ཀྱི་སྤྱི་ཚོགས་རྣམ་པར་ཞིབ་འཇུག་བྱེད་པར་དཔྱད་གཞི་ཕུན་སུམ་ཚོགས་པོ་ཞིག་མཁོ་འདོན་བྱས་ཡོད་ཅེས་བརྗོད་པ་རེད།

    “བང་སོའི་ཚོགས་དེ་གཅིག་སྡུད་ཐོག་ཡོད་ལ་དུར་རྫས་ཀྱང་མང་པོ་ཡོད་པས། རྫ་ཆས་དང་། ཟངས་ཆས། གསེར་ཆས་སོགས་རྒྱུ་ཆ་མི་འདྲ་བ་10ལྷག་གི་དངོས་རྫས་ཐོན་ཡོད”ཅེས་གཡུ་མཚོས་བརྗོད་པ་རེད།

    བོད་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་ཡི་ལས་དོན་མི་སྣ་བཀྲ་ཤིས་ཚེ་རིང་གིས། མངའ་རིས་རྩྭ་མདའ་རྫོང་གི་གད་པ་སེར་རིལ་བང་སོའི་གནའ་རྫས་རྟོག་ཞིབ་དང་སྔོག་འདོན་ལས་དོན་སྤེལ་རིང་། གནའ་རྫས་རྟོག་ཞིབ་རུ་ཁག་གིས་ཁྱོན་བང་སོ་4དང་རྡོ་སྒྲོམ་གྱི་རྗེས་ཤུལ་1གཙང་སེལ་བྱས་ནས། རྫ་ཆས་དང་། ལྕགས་རིགས་ཀྱི་སྣོད་ཆས། རྟ་ནོར་ལུག་གསུམ་གྱི་རུས་པ་སོཌ་དུར་རྫས་སྔོག་འདོན་ཐུབ་ཡོད་ཅེས་བརྗོད་པ་རེད།

    “ལོ་འཁོར་གཉིས་རིང་སྔོག་འདོན་ཞིབ་འཇུག་བྱས་པ་བརྒྱུད། བང་སོ་དེར་དུས་སྐབས་གཉིས་ཀྱི་རྗེས་ཤུལ་ཅུང་མངོན་གསལ་དོད་པོ་ཡོད་པ་སྟེ། དུས་སྐབས་དང་པོ་ནི་སྤྱི་ལོའི་སྔོན་གྱི་ལོ་1600ནས་སྤྱི་ལོའི་སྔོན་གྱི་ལོ་1000བར་དང་། དུས་སྐབས་གཉིས་པ་ནི་སྤྱི་ལོའི་སྔོན་གྱི་ལོ་600ནས་སྤྱི་ལོའི་སྔོན་གྱི་ལོ་200བར་ཡིན་ལ། དུས་སྐབས་གཉིས་པའི་ལོ་ཚིགས་སེང་དར་ལུང་མདོ་བང་སོའི་ཡ་མཐའི་ལོ་ཚིགས་དང་འབྲེལ་ཐུབ་ཡོད་པས། ས་ཁོངས་དེའི་གནའ་རྫས་རྟོག་ཞིབ་རིག་པའི་རིག་གནས་གྲུབ་པར་དཔེ་མཚོན་ངོ་མ་ཞིག་མཁོ་འདོན་བྱས་ཡོད”ཅེས་བཀྲ་ཤིས་ཚེ་རིང་གིས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།