[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རྟེན་འབྲེལ་དཔལ་གྱིས་བརྒྱན་པའི་ལོ་གསར་ཁ་ཟས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-02-02



    དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ། ལྷ་སའི་ཁྲོམ་གཞུང་གང་སར་ཁ་ཟས་ཚོང་ཁང་གི་ཚོང་འགོ་རིམ་བཞིན་ཚུགས། གསེར་མདོག་གི་སྣུམ་ཀྲག་ཁ་ཟས་སྣོད་གང་པོ་འདི་ལས་ལོ་ཐོའི་ནང་བཀོད་པའི་དུས་ཚོད་ལས་ཀྱང་བདེན་པ་བདེན་ཐུབ་ཀྱི་སྒོ་ནས་ལོ་གསར་སླེབས་པ་ཁྱིམ་ཚང་ཚང་མར་གསལ་སྟོན་བྱེད་བཞིན་པ་དང་གཉིས་སུ་མ་མཆིས། རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་གི་བྱང་ངོས་སུ་གནས་པའི་ཚོང་ཁང་མང་པོ་ཞིག་ནི་ལྷ་སའི“ཁ་ཟས་ཁྲོམ་གཞུང”ཡིན་པས་དེ་བས་འཁྲུག་ཆ་དོད་པོ་ཞིག་ཏུ་སྣང་།

    ཁ་ཟས་ནི་བོད་ཀྱི་ལོ་གསར་སྐབས་དགོས་ངེས་ཀྱི་ལོ་གསར་མཁོ་ རྫས་གྲས་ཤིག་ཡིན་ལ། གསོལ་ལྕོག་སྟེང་སྒྲིག་དགོས་ངེས་ཀྱི་དུས་ཆེན་གྱི་བཟའ་བཅའ་ཞིག་ཀྱང་རེད། རྒྱུན་དུ་མཐོང་རྒྱུ་ཡོད་པའི་ཁ་ཟས་ཀྱི་གྲས་སུ“སྦོ་ལུག”དང་། “མེ་ཏོག” ད་དུང“སྲང་གང་བག་ལེབ”བཅས་ཡོད། དེ་བས་མིག་ལ་མཛེས་པོ་ཡོང་ཆེད་ཁ་ཟས“མེ་ཏོག”སྟེང་ཚོན་མདོག་རྣམ་པར་བཀྲ་བའི་ཚོས་གཞི་དང་མཛེས་རིས་བཀོད་ཡོད་པ་རེད།

    ལོ་ལྟར་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ“ཁ་ཟས་ཁྲོམ་གཞུང”དུ་མ་སླེབས་གོང་འོ་མའི་དྲི་ཞིམ་ལྷང་ལྷང་དུ་འཐུལ་ནས་དེ་གར་འགྲོ་བའི་ཡིད་དབང་དབང་མེད་དུ་བཀུག་གི་ཡོད། གསར་འགོད་པ་ཁ་ཟས་ཆེད་ཚོང་ཁང་ཞིག་ཏུ་སྐྱོད་སྐབས། ཚོང་ཁང་ནང་གི་སྒྲོམ་སྟེགས་སུ་སྤུས་ལེགས་ཀྱི“སྦོ་ལུག”དང་། “མེ་ཏོག” “སྲང་གང་བག་ལེབ”སོགས་ཁ་ཟས་བསྒྲིགས་ནས་སྐུ་མགྲོན་ཚོར་གང་དགོས་མཁོ་འདོན་བྱས་འདུག དེའི་ཟུར་གྱི་ཁ་ཟས་བཟོ་མཁན་ཚོས་གྲོ་ཞིབ་བརྫིས་པ་དང་། ཁ་ཟས་བསྲེག་པ། ཁ་ཟས་འདོན་པ། ཐུམ་སྒྲིལ་རྒྱག་པ་བཅས་ཀྱི་ལས་རིམ་ཁག་གོ་རིམ་ལྡན་པའི་སྒོ་ནས་སྒྲུབ་བཞིན་འདུག ཚོང་ཁང་དེའི་སྦྱིན་བདག་གིས་གསར་འགོད་པར“འདི་ལོ་ང་ཚོས་སྔ་ས་ནས་བཟའ་བཅའི་རྒྱུ་ཆ་དང་ལས་མི་གསོ་སྦྱོང་བྱེད་འགོ་བཙུགས་ཏེ་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ལ་བསུ་བ་ཞུ་ཆེད་གྲ་སྒྲིག་ཨང་བསར་བྱས་ཡོད”ཅེས་བཤད།

    སྐུ་མགྲོན་གྱི་འདོད་པ་དང་དགའ་མོས་ལ་གཞིགས་ནས་ཁ་ཟས་ལ་སྣུམ་བསྲེགས་དང་མར་བསྲེགས་ཁག་གཉིས་སུ་དབྱེ་བའི་ནང་མར་བསྲེགས་ཁ་ཟས་སོབ་པོ་ཡོད། གསར་འགོད་པས་བཅར་འདྲི་བྱེད་སྐབས་ཤེས་རྟོགས་བྱུང་བར། “ཁ་ཟས་ཁྲོམ་གཞུང”གི་ཁ་ཟས་ཀྱི་རིན་གོང་མང་ཆེ་བར་རྒྱ་མ་གཅིག་ལ་སྒོར་30ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།