[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བཀྲ་ཤིས་རྟགས་ཀྱིས་བརྒྱན་པའི་ལོ་གསར་མཁོ་ཆས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-02-02






    ལོ་གསར་འཆར་ཉེའི་མཚམས་སུ། ཆུ་ཤུར་རྫོང་རྟ་དཀར་ཤང་དུ་དྲོ་འཇམ་ཉི་འོད་རབ་ཏུ་འཕྲོད་ཅིང་གང་སར་འཁྲུག་ཆ་ཧ་ཅང་དོད། གཞིས་རྩེ་དང་། ལྷོ་ཁ། ལྷ་ས་སོགས་ནས་ཡོང་བའི་ཚོང་དུད་120ལྷག་ཙམ་གྱིས་ཁྲོམ་བཀྱག་སྟེང་ལོ་གསར་གྱི་མཁོ་ཆས་བཏོན་ཏེ་ཉིན་གཅིག་གི་ཚོང་ལས་ལ་གཞོལ་འགོ་ཚུགས། སྣ་ཁ་འཛོམས་པའི་ཁ་ཏོག་དང་། བཟོ་ལྟ་ལེགས་པའི་ཤིང་ཕོར། དམིགས་བསལ་ཁྱད་ཆོས་ལྡན་པའི་བོད་ཆས། བཀྲ་ཤིས་ཁ་བྲོའི་ལུག་མགོ་དང་ཕྱེ་མར་འབོ། ཚོན་མདོག་རྣམ་པར་བཀྲ་བའི་རྩེ་སྒྲོ་སོགས་ལོ་གསར་གྱི་མཁོ་ཆས་བཤམས་ཡོད་པ་དེ་དག་འདྲེན་བྱེད་ཀྱི་ལོངས་སྤྱོད་དུ་གྱུར།

    སྤྲོ་སྣང་དོད་པའི་ཚོང་འདུས་ཀྱི་འགོ་ཚུགས་ཞབས་བྲོའི་འགྲོས་དང་བསྟུན་ནས་ཆུ་ཤུར་རྫོང་རྟ་དཀར་ཤང་གི་ཚོང་འདུས་སྐབས་གཉིས་པ་འགོ་ཚུགས། བཀྲ་ཤིས་རྟེན་འབྲེལ་བཟང་བའི་རོལ་དབྱངས་དང་ཞབས་བྲོ་འགོ་ཚུགས་པ་དང་ཆབས་ཅིག ཕར་འགྲོ་ཚུར་འོང་བྱེད་མཁན་འཁོར་རིགས་དང་མང་ཚོགས་རྣམས་ཀྱང་འཚང་ཁ་ཤིག་ཤིག་ངང་འཁྲུག་ཆ་དོད་པའི་ཚོང་འདུས་སུ་རང་ཉིད་ཀྱི་བློ་ལ་བབས་པའི་ལོ་གསར་གྱི་མཁོ་ཆས་ཉོ་ལ་བྲེལ།

    སྙེ་མོ་རྫོང་གི་རྒྱལ་མཚན་ནི་རྟ་དཀར་ཤང་གི་ཚོང་འདུས་ལ་ཞུགས་ཐེངས་གཉིས་པ་ཡིན་ཞིང་། འདི་ལོ་ཁོང་གིས་ཁྲོམ་བཀྱག་གསུམ་འགན་གཙང་བླངས་ཏེ་རྩེ་སྒྲོ་དང་། ཕྱེ་མར་འབོ། བོད་བཟོའི་སྒོ་ཡོལ་སོགས་འཚོང་གི་ཡོད། ལོ་གསར་གྱི་མཁོ་ཆས་ཉོ་བར་ཡོང་མཁན་རྫོགས་མཐའ་མེད་པ་མཐོང་སྐབས། རྒྱལ་མཚན་གྱི་གཅུང་མོ་སྐལ་བཟང་བདེ་སྐྱིད་ཀྱིས་ཁྲོམ་བཀྱག་མདུན་དུ“རྩེ་སྒྲོ་ཆ་གཅིག་ལ་སྒོར་35དང་། ཕྱེ་མར་འབོ་ཆུང་བར་སྒོར་170དང་ཆེ་བར་སྒོར་290ཡིན། མགྱོགས་པོ་གཟིགས་པར་ཕེབས་དང”ཞེས་སྐད་ཤུགས་ཆེན་པོ་རྒྱག་སྐབས་ཁྲོམ་བཀྱག་བརྒྱུད་ནས་འགྲོ་མཁན་པད་མ་དབང་མོའི་ནང་མི་ཚོའི་ཡིད་དབང་བཀུག “ལུག་མགོ་སྙིང་རྗེ་པོ་འདུག རྩེ་སྒྲོའི་བཟོ་ལྟ་ཡང་དཔེ་གསར་ཞིག་འདུག པཱ་ལགས། ང་ཚོས་ཀྱང་ཆ་གཅིག་ཉོས་ན་ཡག་པོ་འདུག”ཅེས་པད་མ་དབང་མོས་གྲོས་འགོ་འདོན་སྐབས། གཞིས་རྩེ་ནས་ལྷ་སར་ལོ་གསར་གྱི་མཁོ་ཆས་ཉོ་བར་འགྲོ་རྩིས་ཡོད་པའི་པད་མ་དབང་མོའི་ཨ་ཕས་ཚོང་འདུས་ནས་མཁོ་ཆས་ཉོས། ཁོང་གིས“འདི་གར་ལོ་གསར་གྱི་མཁོ་ཆས་སྣ་ཁ་འཛོམས་པོ་འདུག་ལ། མཁོ་ཆས་ཁག་གཅིག་ལྷ་ས་ལས་ཀྱང་གོང་ཁེ་བ་འདུག”ཅེས་ཉོས་མ་ཐག་པའི་ལོ་གསར་གྱི་མཁོ་ཆས་ལ་ལྟ་གྱིན་བློ་ཡིད་ཚིམ་པོས་བཤད།

    ཚོང་འདུས་ཐོག་ཞལ་ཏོག་འཚོང་བཞིན་པའི་རྟ་དཀར་ཤང་གསེར་རྟ་གྲོང་ཚོའི་སྒྲོལ་མར་དེ་སྔོན་ཞིང་ལས་བྱས་ན་ལོ་གཅིག་ལ་ཡོང་འབབ་སྒོར་2000ལྷག་ཙམ་ལས་མེད་པ་དང་ད་ཆ་ཚོང་འདུས་ཐོག་ཁ་ཏོག་བཙོངས་ནས་ཡོང་འབབ་སྒོར་6000ལྷག་ཙམ་བྱུང་ཡོད་པ་རེད།

    ལོ་ཁ་ཤས་གོང་། འདི་གར་ལོ་གསར་གྱི་མཁོ་ཆས་ཉོ་ཚོང་གི་ཁྲོམ་ར་ཞིག་ཆགས་ཡོད། མི་འགའ་ཞིག་གིས་དཔྱིད་གསར་དུས་ཆེན་དང་། བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་མཚམས་སུ། འདི་གར་རང་ཉིད་ཀྱི་ཁྲོམ་བཀྱག་བཏོན་ཏེ་མཐའ་འཁོར་གྱི་མང་ཚོགས་ལ་ལོ་གསར་གྱི་མཁོ་ཆས་ཉོ་རྒྱུར་སྟབས་བདེ་བསྐྲུན་གྱི་ཡོད། དེ་ལྟར་རྟ་དཀར་ཤང་ཏང་ཨུད་དང་ཤང་སྲིད་གཞུང་གིས་ཁྲོམ་ར་རྒྱ་ཆེ་རུ་གཏོང་རྒྱུའི་ཐག་བཅད་པས་ད་ཆའི་ཚོང་འདུས་ཀྱི་གཞི་ཁྱོན་འདི་ཆགས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།