[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • གོང་གྲོང་གྲོང་ཚོ། སྔོ་ཞིང་དྭངས་བའི་རི་ཆུའི་ངོགས་སུ་བདེ་སྐྱིད་འཚོ་བར་རོལ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-12-06

    573808_yis_1543990192698.jpg

    ལྷ་སའི་ཤར་ཕྱོགས་ཏེ་རྒྱལ་ལམ་318བརྒྱུད། ཉང་ཆུ་འདེད་ནས་སོང་བ་ན་ཉིང་ཁྲི་གྲོང་ཁྱེར་དུ་མ་སླེབས་གོང་ལམ་འགྲམ་དུ“དམངས་སྲོལ་གྲོང་ཚོ་དང་པོ”ཞེས་འཁོད་པའི་བྱང་བུ་མཐོང་ཐུབ། དེ་ནི་སྐད་གྲགས་ཡོད་པའི་ཀོང་པོ་བོད་རིགས་དམངས་སྲོལ་གྲོང་ཚོ་གོང་གྲོང་གྲོང་ཚོ་རེད།

    ཁོར་ཡུག་མཛེས་ཤིང་ཡིད་དུ་འོང་བ།

    ཉེ་བའི་ལོ་ཤས་རིང་། གོང་གྲོང་གྲོང་ཚོ་གོང་རིམ་སྡེ་ཚན་གྱི་མཛུབ་ཁྲིད་དང་རྒྱབ་སྐྱོར་འོག་གྲོང་མི་ཡོངས་ཁོར་ཡུག་སྲུང་སྐྱོང་གི་ལམ་བུའི་ཐོག་སྐྱོད་ཐུབ་པར་བྱུང་བ་རེད།

    — རྨོ་ཞིང་མང་པོ་མེད་པ་དེར་སྲུང་སྐྱོང་ཡག་པོ་བྱས་པ་དང་འབྲེལ་མཚོན་རྟགས་བྱང་བུ་བཙུགས་ནས་རྨོ་ཞིང་གང་བྱུང་དུ་སྤྱོད་རྒྱུ་སྔོན་འགོག་བྱས་པ་དང་།

    — རི་སྟེང་ནས་ཆུ་འདྲེན་ལྕགས་མདོང་འཁྲིད་དེ་མི་ཕྱུགས་གཉིས་ལ་འཐུང་ཆུ་མཁོ་འདོན་བྱས་པ་དང་འབྲེལ་འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་ཁུལ་གྱི་དབྱེ་མཚམས་གསལ་པོ་ཕྱེ་ནས་ཆུ་འགོ་སྲུང་སྐྱོང་ཁུལ་དུ་རི་བཀག་ནགས་གསོ་བྱས་པ།

    — རྩྭ་ར་འགན་གཙང་གི་ལམ་ལུགས་ལག་ལེན་བསྟར་ཏེ་རྩྭ་རའི་རྩོད་གཞི་ཉུང་དུ་བཏང་བ་དང་འབྲེལ། མི་ཐབས་ཀྱིས་འབུ་སུ་ཧང་འདེབས་འཛུགས་བྱས་ནས་ཕྱུགས་ཟོག་སྡོམ་གསོས་ཀྱིས་སྐྱས་སྤོས་རྩྭ་གསོའི་སྲིད་ཇུས་ལག་ལེན་བསྟར་བ་རེད།

    མིག་སྔར། གོང་གྲོང་གྲོང་ཚོའི་གྲོང་མི་100%ཚང་མས་གཙང་ལ་ཁོར་ཡུག་སྲུང་སྐྱོང་ཐུབ་པའི་རྫབ་རླངས་ནུས་རྒྱུ་སྤྱོད་པ་དང་གསང་སྤྱོད་བརྒྱབ་པ་དང་། གད་སྙིགས་བླུགས་སྣོད་བཙུགས་པ། ནགས་ཚལ་གྱི་མེ་ཟོན་སྒྲིག་ཆས་སྒྲིག་སྦྱོར་བཅས་བྱས་པར་བརྟེན་གྲོང་ཚོའི་རྣམ་པ་བཅོས་སྒྲིག་དང་ལྗོངས་གཟིགས་ལམ་ཆེན་འཛུགས་སྐྲུན་ལས་དོན་ཡང་ལེགས་སྒྲུབ་ཟིན་པ་རེད།

    ད་ཆའི་གོང་གྲོང་གྲོང་ཚོར་བལྟ་སྐབས་ཁང་པའི་རྒྱབ་མདུན་ཚང་མར་སྔོ་ལྗང་ལྗོན་ཤིང་གིས་ཁེངས་པ་དང་། ཁྱིམ་ཚང་ཚང་མའི་ཁང་པ་གཙང་ཞིང་ཁྱིམ་ཆས་གྲལ་འགྲིག་པ། བོད་རིགས་ཀྱི་ཉམས་འགྱུར་ཟབ་མོ་ལྡན་པའི་སྤྲོ་གསེང་སྡོད་ཁང་དང་། ཟ་ཁང་། མགྲོན་ཁང་། མང་ཚོགས་སྡོད་ཁང་། རིག་གནས་འགྲེམས་སྟོན་ཁང་སོགས་གནའ་བོའི་གྲོང་སྡེ་སྔོ་ཁེབས་ཁྲོད་མཛེས་ཤིང་ཡིད་དུ་འོང་བ་ཞིག་མཆིས།

    ཡུལ་སྐོར་སྟོབས་ཆེར་ཕྱིན་ནས་མང་ཚོགས་ཕྱུག་པོ་ཆགས་པ།

    གོང་གྲོང་གྲོང་ཚོར“བོད་ཀྱི་དམངས་སྲོལ་གྲོང་ཚོ་དང་པོ”ཞེས་པའི་སྐད་གྲགས་ལྡན་པ་དེའང་གྲོང་ཚོ་དེར་རིག་གནས་ཀྱི་རྨང་གཞི་ཟབ་མོ་དང་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་རེད།

    གོང་གྲོང་གྲོང་ཚོར་འཆམ་འཆམ་དུ་འགྲོ་སྐབས་གྲལ་འགྲིག་པའི་བོད་བཟོའི་སྐྲུན་དངོས་རི་ལྡེབས་སུ་ཆགས་པ་དེས་མི་རྣམས་ལ་གདོད་མིའི་རི་གྲོང་གི་རྣམ་པ་ཞིག་ཚོར་ཐུབ་པ་དང་། མཛེས་ལྗོངས་ཁུལ་གྱི་རི་ཁྲོད་ལམ་ཆུང་བརྒྱུད་ནས་འགྲོ་སྐབས་དམངས་སྲོལ་འཁྲབ་སྟོན་ཁང་དང་། ལྷོ་པའི་མང་ཚོགས་སྡོད་ཁང་། ཀོང་པོའི་མང་ཚོགས་སྡོད་ཁང་། ལག་ཤེས་བཟོ་རྩལ་ཁང་བཅས་རིམ་པས་མིག་ལམ་དུ་འཆར་འོང་། གྲོང་ཚོར་ད་དུང་སྐད་གྲགས་ལྡན་པའི་མཛེས་ལྗོངས་ས་ཚིགས“ལོ་ངོ་ཆིག་སྟོང་གི་སྟར་སྡོང”དང་དེ་བཞིན“རྩམ་པའི་དྲི་ཞིམ”སོགས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་ལྗོངས་ས་ཚིགས་ཡོད།

    གོང་གྲོང་གྲོང་ཚོས་གོ་སྐབས་དམ་འཛིན་བྱས་ནས་མི་རིགས་ལག་ཤེས་ཐོན་རྫས་བཟོ་བའི་ལས་རིགས་དང་ཁྱད་ལྡན་འདེབས་འཛུགས་གསོ་ཚགས་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། མཛེས་ལྗོངས་ཁུལ་གྱི་ཕྱིར་ཚོང་ལས་སྟེགས་ལ་བརྟེན་ནས་གྲོང་མི་ཚོས་ཞིང་དལ་དུས་སུ་བཟོས་པའི་མི་རིགས་ལག་ཤེས་ཐོན་རྫས་དཔེར་ན། ཤིང་ཕོར་དང་སྣམ་བུ་སོགས་ཕྱིར་ཚོང་བྱེད་པ་ལས་ལག་ཤེས་ཐོན་རྫས་བཟོ་མཁན་དཔུང་ཁག་སྟོབས་ཆེར་ཕྱིན་ནས་གཞི་ཁྱོན་ཅན་གྱི་གཉེར་སྐྱོང་ལམ་བུའི་ཐོག་བསྐྱོད་ཐུབ་པ་མ་ཟད། ཞིང་འབྲོག་པའི་ཡོང་འབབ་དེ་བས་མང་དུ་ཕྱིན་ཡོད། གོང་གྲོང་གྲོང་ཚོའི་ཁོངས་སུ་གཏོགས་པའི་རང་བྱུང་གྲོང་ཚོ་གསལ་རྟེན་གྲོང་ཚོས་ད་ཡོད་ཀྱི་སྦྲང་གསོ་ར་བ་དང་ཤ་མོ་འདེབས་འཛུགས་ར་བའི་རྨང་གཞིའི་ཐོག་ཤ་མོ་དང་ཉིང་ཁྲིའི་ཤ་མོའི་འདེབས་ཁྱོན་སྔར་བས་ཆེ་རུ་བཏང་བ། བོད་བྱ་དང་བོད་ཕག་གསོ་ཚགས་བྱེད་རྒྱ་ཆེ་རུ་བཏང་བ། “དམངས་སྲོལ་གྲོང་ཚོ་དང་པོའི”མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ལེགས་ཆ་དང་ས་ཁུལ་གནས་ཡུལ་དང་བར་ཐག་སྤྱི་ལེ་5ལས་མེད་པའི་ས་ཁམས་ཀྱི་ལེགས་ཆར་བརྟེན་ནས“ལྗང་མདོག་སྤུས་རྟགས་དང་སྣོད་བཅུད་སྤུས་རྟགས”གཙོ་བོར་བཏོད་པ་བཅས་ལས་གྲོང་ཚོ་དེ“དམངས་སྲོལ་གྲོང་ཚོ་དང་པོར”མ་བཅོས་རྒྱུ་ཆ་མཁོ་འདོན་བྱེད་མཁན་དུ་གྱུར་ཡོད།

    འཇོན་ཐང་ཅན་གྱིས་སྣེ་ཁྲིད་ནས་ཐོན་ལས་དར་རྒྱས་བཏང་བ།

    གོང་གྲོང་གྲོང་ཚོའི་རྒྱུད་དུ་ཟླ་བ་ཕུན་ཚོགས་དང་ཁོང་གི“ཀོང་པོའི་སྤོས”སྐད་གྲགས་ཆེན་པོ་ཡོད། གོང་གྲོང་གྲོང་ཚོའི་ཁོངས་གཏོགས་ཀྱི་རང་བྱུང་གྲོང་ཚོ་སྐྱབས་རྟེན་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་ཡིན་པའི་ངོས་ནས་ཁོང་ནི་འཇོན་ཐང་ཅན་གྱིས་སྣེ་ཁྲིད་དེ་ཐོན་ལས་དར་རྒྱས་གཏོང་བའི་བསྡུས་རིས་ཤིག་ཡིན།

    ཟླ་བ་ཕུན་ཚོགས་ཀྱི་ཁྱིམ་ལ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པའི་སྤོས་བཟོ་རྩལ་ཡོད་པས་ཁོང་གིས་དེ་རྒྱུན་འཛིན་བྱས།

    རང་ཉིད་ཀྱི་སྤོས་བཟོ་བའི་བྱ་གཞག་ལ་འཕེལ་རྒྱས་ཀྱི་བར་མཐོངས་དེ་བས་ཡག་པོ་ཡོང་བ་བྱ་ཆེད་ཁོང་གིས་མཉམ་ལས་ཁང་བཙུགས་ནས་ལས་མི་བསྡུས།

    ཁོང་གིས་རང་ཉིད་ཀྱི་སྤྱང་གྲུང་དང་འབད་བརྩོན་ལ་བརྟེན་པས་མཉམ་ལས་ཁང་གི་ཚོང་ཇེ་ཡག་ཏུ་ཕྱིན་པ་དང་སྤོས་ཀྱི་སྣ་ཁའང་མང་དུ་ཕྱིན་ཡོད། ད་དུང་ཁོང་གིས་དྲ་སྦྲེལ་ལ་བརྟེན་ནས་དྲ་ཐོག་ཚོང་ཁང་གཉེར་ཡོད།

    ཕྱིར་ཚོང་ལམ་བུ་ཤར་གཏོང་ཐུབ་པ་དང་བསྟུན་མཉམ་ལས་ཁང་དུ་ཡུན་རིང་ལས་ཀ་བྱེད་མཁན་གྱི་ལས་བཟོ་བ་9ཡོད་པ་དང་དེའི་ནང་3ནི་དུད་ཚང་དབུལ་པོ་ཡིན་པ་དང་། སྤོས་བཟོ་སྟངས་སློབ་སྦྱོང་བྱས་པ་བརྒྱུད་དུད་ཚང་དབུལ་པོར་འབབ་འཕར་བྱུང་བ་དང་དུས་མཚུངས་ལག་རྩལ་སྣ་གཅིག་ཤེས་པས་དབུལ་པོའི་ཞྭ་མོ་ཕུད་ཐུབ་ཡོད།

    ཟླ་བ་ཕུན་ཚོགས་དང་འདྲ་བའི་ཐོན་ལས་གཉེར་རྒྱུར་གཞོལ་ནས་གྲོང་མིའི་སྣེ་ཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་བྱེད་མཁན་ཁྲོད་ད་དུང་གསེར་རྟེན་གྲོང་ཚོའི་བུད་མེད་བཅོ་ལྔའང་ཡོད། བག་ཕེབས་ལ་ཅུང་འཚེར་སྣང་དང་བཅས་པའི་བོད་རིགས་བུད་མེད་དེས་ལོ་མང་རིང་མཛེས་ལྗོངས་ཁུལ་དུ་ལས་ཀ་བྱས་པའི་ཉམས་མྱོང་དང་ཧུར་སེམས་ལ་བརྟེན་ནས་སྤྲོ་གསེང་ཟ་ཁང་ཞིག་རིམ་བཞིན་གྲོང་མི་ཕྱུག་འགྱུར་སྣེ་ཁྲིད་ཐུབ་པའི་ཨ་ཅེ་གླིང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དུ་འགྱུར།

    མཉམ་ལས་ཁང་དུ་ཁོངས་མི་དུད་ཚང་24ཡོད་པ་དང་དེའི་ནང་གི་90%ནི་ཡུལ་དེ་གའི་ཞིང་འབྲོག་པ་ཡིན་པ་དང་། དེ་ནི་ཁྱད་ལྡན་ཟ་འཐུང་དང་། སྡོད་ཁང་། སྤྲོ་གསེང་རོལ་རྩེད། གསོ་ཚགས་ལས་རིགས། མི་རིགས་ལག་ཤེས་བཟོ་རྩལ་བཅས་གཞི་གཅིག་ཏུ་འདུས་པའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ཞིག་རེད།

    བཅར་འདྲི་མཇུག་འགྲིལ་རྗེས་རྒྱང་རིང་ནས་གོང་གྲོང་གྲོང་ཚོར་ལྟ་སྐབས་མཛེས་སྡུག་ལྡན་པའི་གྲོང་ཚོ་དེ་སྟར་སྡོང་ནགས་གསེབ་ཁྲོད་དེ་བས་དབེན་ཞིང་འཇམ་པ་དང་མཛེས་སྡུག་ལྡན་པ་ཞིག་མངོན་པ་དང་དེར་དགུན་དུས་ཀྱི་དྲོ་སྐྱིད་ལྡན་པའི་ཉི་འོད་ཁྲོད་རེ་བ་དང་སྐྱེ་སྟོབས་དཔལ་འབར་བཞིན་མཆིས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།