[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • “11·3”རི་ཉིལ་ནས་གནོད་འཚེ་ཕོག་པའི་བོད་ལྗོངས་འཇོ་མདའ་རྫོང་གི་མང་ཚོགས་བཀོད་སྒྲིག་ཡག་པོ་བྱུང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-11-08

    ཟླ་11ཚེས་3ཉིན། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤོ་ལོ་ཤང་གི“10·11”རི་ཉིལ་ཁུལ་དུ་སླར་ཡང་རི་ཉིལ་བ་རེད། མིག་སྔར་འཁྱིལ་མཚོའི་ཆུ་ཁ་སྔར་བཞིན་མཐོ་རུ་འགྲོ་གི་ཡོད་མོད། ཕྱོགས་ཁག་གི་རྒུད་སྐྱོབ་སྟོབས་ཤུགས་ཀྱིས་མཐུན་སྒྲིལ་གཞོགས་འདེགས་དང་སྒྲིག་འཛུགས་ནུས་ལྡན་བྱས་པས་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་ཡག་པོ་བྱུང་ནས་འཚོ་བ་རྒྱུན་གཏན་ལྟར་སྐྱེལ་བཞིན་ཡོད་པ་རེད།

    གསར་འགོད་པ་གྲུ་བསྡད་ནས་གཙང་ཆུ་གཙང་པོ་བརྒལ་རྗེས་རླངས་འཁོར་བསྡད་དེ་སྐར་མ་15སྐྱོད་རྗེས་སྤོ་ལོ་ཤང་སྲིད་གཞུང་དང་བར་ཐག་སྤྱི་ལེ་6ཙམ་ཡོད་པའི“ཁང་བཀྲ་ཤིས”བཀོད་སྒྲིག་བྱ་ཡུལ་དུ་སླེབས་བྱུང་། མིག་སྔར་བཀོད་སྒྲིག་བྱ་ཡུལ་ཧྲིལ་པོར་འབྲས་ཐོག་གྲོང་ཚོ་དང་ཉིང་པ་གྲོང་ཚོ། དེ་བཞིན་རི་ཉིལ་སའི་ཉེ་འགྲམ་གྱི་པད་ཀེ་གྲོང་ཚོའི་མང་ཚོགས་དུད་ཚང་124ཡི་མི་857བཀོད་སྒྲིག་བྱས་ཡོད། ཟླ་ཕྱེད་གོང་གི་གནས་ཚུལ་དང་གཏན་ནས་མི་འདྲ་བར། ད་ཆ་བཀོད་སྒྲིག་བྱ་ཡུལ་གྱི་གུར་ཚང་མ་སྲིང་བལ་གུར་བརྗེ་པོ་བརྒྱབ་པ་དང་དམངས་སྲིད་སྡེ་ཚན་གྱིས་ད་དུང་མང་ཚོགས་ལ་ཆེད་མངགས་སྲིང་བལ་གྱོན་གོས་དང་ཕོ་ཁེབས་སོགས་དགུན་སྒྲོལ་གྱི་དངོས་པོ་སྤྲད་འདུག

    བཀོད་སྒྲིག་བྱ་ཡུལ་གྱི་གང་སར་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་དང་མི་སེར་གྱི་ཁྱིམ་དུ་ཆ་ཚང་བའི་འཚོ་བའི་དངོས་རྫས་མཐོང་བྱུང་།

    བཀོད་སྒྲིག་བྱ་ཡུལ་གྱི་མང་ཚོགས་སྐར་མ་བདེ་ཆེན་གྱིས“གནོད་འཚེ་ཐོན་རྗེས་ཏང་དང་སྲིད་གཞུང་གི་རྒུད་སྐྱོབ་སྟོབས་ཤུགས་འཕྲལ་མ་ཉིད་དུ་གནོད་འཚེ་ཐོན་ཁུལ་དུ་སླེབས་ནས་ང་ཚོ་བདེ་འཇགས་ལྡན་པའི་ས་ཆར་བཀོད་སྒྲིག་བྱས་བྱུང་། དེར་བཟའ་སྡོད་ཆ་རྐྱེན་ཧ་ཅང་ཡག་པོ་འདུག”ཅེས་གསར་འགོད་པར་བཤད།

    མང་ཚོགས་བཀྲ་ཤིས་དཔལ་ལྡན་གྱིས“ཆུ་སྐྱོན་ཐེངས་དང་པོ་ཐོན་རྗེས་ང་ཚོ་ས་ཆ་འདིར་གནས་སྤོས་བཀོད་སྒྲིག་བྱས་བྱུང་། སྲིད་གཞུང་གིས་བདེ་འཇགས་ཐད་བསམ་བློ་བཏང་ནས་ང་ཚོ་ལམ་སེང་གྲོང་ཚོར་ལོག་བཏང་མེད་པས་གནོད་འཚེ་ཐེངས་གཉིས་པ་ཐོན་སྐབས་ང་ཚོར་གནོད་འཚེ་གང་ཡང་ཕོག་མ་བྱུང་”ཞེས་བཤད།

    བོད་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་ཨུད་ཀྱི་རྒྱུན་ཨུ་སྤོ་ལོ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་བསོད་ནམས་དབང་ཕྱུག་གིས་མང་ཚོགས་གནས་འདིར་བཀོད་སྒྲིག་བྱས་ནས་ཉིན་20ལྷག་ཙམ་སོང་ཡོད། མིག་སྔར་བཀོད་སྒྲིག་བྱ་ཡུལ་གྱི་དངོས་ཟོག་ཧ་ཅང་མང་པོ་ཡོད་ལ་མང་ཚོགས་ཀྱི་སེམས་རྣལ་ལ་ཕབ་པ་དང་སྒྲིག་ཁྲིམས་ཀྱང་ཡག་པོ་ཡོད་ཅེས་ངོ་སྤྲོད་བྱས།

    བཀོད་སྒྲིག་བྱ་ཡུལ་དུ་གསར་འགོད་པས་ད་དུང་མེ་ཟོན་དང་། སྤྱི་བདེ། སྨན་བཅོས་འཕྲོད་བསྟེན་བཅས་ཀྱི་མི་སྣ་སྡོད་བྱ་དང་ལས་སྒྲུབ་གྲ་སྒྲིག་བྱས་ནས་བཀོད་སྒྲིག་བྱ་ཡུལ་གྱི་མང་ཚོགས་ལ་བདེ་འཇགས་དང་བློ་བདེའི་འཚོ་བའི་ཁོར་ཡུག་བསྐྲུན་པ་མཐོང་བྱུང་།

    སྤོ་ལོ་ཤང་འཕྲོད་བསྟེན་ཁང་གི་ཡོན་ཀྲང་ཨུ་རྒྱན་ཚེ་བརྟན་གྱིས་སྨན་དོན་པ་དང་རྫོང་མི་དམངས་སྨན་ཁང་གིས་མངགས་གཏོང་བྱས་པའི་སྨན་བཅོས་རྐང་འཛིན་པ་ཁྲིད་དེ་ཉིན་ལྟར་བཀོད་སྒྲིག་བྱ་ཡུལ་མང་ཚོགས་ལ་ནད་ལྟ་བ་དང་། སྨན་སྤྲོད་པ། གུར་ནང་དུག་སེལ་བྱེད་པ་སོགས་ལས་ཀ་བྱེད་ཀྱི་ཡོད། ཁོང་གིས་གསར་འགོད་པར“མིག་སྔར། བཀོད་སྒྲིག་བྱ་ཡུལ་མང་ཚོགས་ཀྱི་བདེ་ཐང་གི་གནས་ཚུལ་སྤྱིར་ཡག་པོ་ཡོད། ང་ཚོས་ནུས་ཤུགས་ཡོད་རྒུས་ལས་ཀ་དེ་བས་ཡག་པོ་བསྒྲུབ་རྒྱུ་ཡིན”ཞེས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། གཙང་ཆུ་གཙང་པོའི་ཉེ་འགྲམ་དུ་གནས་པའི་སྤོ་ལོ་ཤང་སྤོ་ལོ་དགོན་གྱི་དགེ་འདུན་པ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་ཉེ་འགྲམ་གྱི་བཀོད་སྒྲིག་བྱ་ཡུལ་དུ་གནས་སྤོས་བྱས་ཡོད། འཇོ་མདའ་རྫོང་ཆོས་ལུགས་གཞུང་དོན་ཁང་གི་ཀྲུའུ་རེན་བསྟན་འཛིན་གྱིས“བརྡ་ཐོ་འབྱོར་མ་ཐག་ང་ཚོས་འཕྲལ་མ་ཉིད་དུ་སྤོ་ལོ་དགོན་དུ་ཕྱིན་པ་དང་འབྲེལ་བཀོད་འདོམས་པུའི་བླང་བྱར་གཞིགས་ནས་དགེ་འདུན་པར་སེམས་གསོ་བཏང་བ་དང་ཁོང་ཚོ་གོ་རིམ་ལྡན་པའི་ངང་གནས་སྤོ་བྱ་རྒྱུ་སྒྲིག་འཛུགས་བྱས་ཡོད”ཅེས་བཤད།

    བསྡོམས་རྩིས་ལ་གཞིགས་ན། ཟླ་11ཚེས་3ཉིན་རི་ཉིལ་བའི་གནས་ཚུལ་ཐོན་རྗེས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་དང་། གོ་འཇོ། སྨར་ཁམས་བཅས་རྫོང་3གྱིས་ཁྱོན་དུད་ཚང་600ལྷག་ཙམ་གྱི་མང་ཚོགས་3000ལྷག་ཙམ་གནས་སྤོས་བྱས་པ་དང་། ཁོང་ཚོའི་འཚོ་བ་བཀོད་སྒྲིག་ཡག་པོ་བྱུང་ཡོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།