[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རྣམ་པ་གསར་རྐྱང་བཏོད་དེ་ལེའུ་གསར་པ་བརྩམས་པ།

    —— ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་བོད་ཀྱི་ཡིག་ཚགས་བྱ་གཞག་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-11-07

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལྗོངས་ཡོངས་ཀྱི་རིམ་ཁག་ཡིག་ཚགས་སྡེ་ཚན་དང་ཡིག་ཚགས་ལས་དོན་པས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་རྒྱལ་ཁབ་ཡིག་ཚགས་ཅུས་ཀྱི་མཛུབ་ཁྲིད་ནུས་ལྡན་འོག ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་ཀར་དམ་པོར་དམིགས་ཏེ“ཏང་ལ་ཡིག་ཚགས་དོ་དམ་དང་། རྒྱལ་ཁབ་ལ་ལོ་རྒྱུས་སྲུང་སྐྱོང་། དམངས་ལ་ཞབས་འདེགས་ཞུ་བ”བཅས་ཀྱི་འགན་འཁྲི་ནན་ཏན་འཁུར་བ་དང་། ཡིག་ཚགས་ཐོན་ཁུངས་ཀྱི་མ་ལག་དང་། ཡིག་ཚགས་བེད་སྤྱོད་ཀྱི་མ་ལག ཡིག་ཚགས་བདེ་འཇགས་ཀྱི་མ་ལག་བཅས་མ་ལག་གསུམ་འཛུགས་སྐྱོང་ལ་ཁྲིམས་ལྟར་སྐུལ་འདེད་བཏང་སྟེ་ལྗོངས་ཡོངས་ཀྱི་ཡིག་ཚགས་ལས་དོན་གྱི་རྣམ་པ་གསར་རྐྱང་བཏོད་དེ་ཡིག་ཚགས་བྱ་གཞག་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམས་ཡོད།

    ཡིག་ཚགས་ཁང་དང་མཛོད་སྐྲུན་གྱི་དཀའ་གནད་བསལ་ནས་རྫོང་རིམ་པའི་ཡིག་ཚགས་ཁང་72བསྐྲུན་པ།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཡིག་ཚགས་ལས་དོན་ལ་སྔར་བས་མཐོང་ཆེན་བྱས་པ་དང་། རང་སྐྱོང་ལྗོངས་དང་། གྲོང་ཁྱེར(ས་ཁུལ)7 རྫོང(ཆུས)74བཅས་ཀྱིས་ཡིག་ཚགས་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་རིམ་པ་དེ་གའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་ནང་བཅུག་ནས་། ལོ་ལྟར་ཡིག་ཚགས་བྱ་གཞག་གི་གྲོན་དངུལ་ནོར་སྲིད་སྔོན་རྩིས་ཚད་གཞི་མཐོ་རུ་བཏང་བ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ཡོད།

    ལོ་ལྔའི་རིང་། རང་སྐྱོང་ལྗོངས་ཀྱི་ཡིག་ཚགས་ཁང་གསར་པ་་འཛུགས་སྐྲུན་ནས་གྲོང་ཁྱེར(ས་ཁུལ)ཁག་དང་རྫོང(ཆུས)ཁག་གི་ཡིག་ཚགས་ཁང་འཛུགས་སྐྲུན་བར་རིམ་རྩིས་བྱས་ན། རྒྱལ་ཁབ་དང་ས་གནས་ཀྱི་མ་དངུལ་སྒོར་དུང་ཕྱུར་7.7བརྩོན་ལེན་བྱས་པ་དང་། ལྗོངས་ཡོངས་ཀྱི་རིམ་ཁག་ཡིག་ཚགས་ཁང་གིས་རིམ་རྩིས་བྱས་ན། གཙོ་གནད་ཡིག་ཚགས་མྱུར་སྐྱོབ་དང་སྲུང་སྐྱོང་གི་ཁ་གསབ་གྲོན་དངུལ་སྒོར་ཁྲི་4500ལྷག་ཙམ་བཏང་ཡོད། རྒྱལ་ཁབ་ཀྱི་དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱི་རྫོང་རིམ་པའི་ཕྱོགས་བསྡུས་ཡིག་ཚགས་ཁང་འཛུགས་སྐྲུན་རྣམ་གྲངས་74ཡི་ནང་བཅུག་པའི་རྫོང་རིམ་པའི་ཕྱོགས་བསྡུས་ཡིག་ཚགས་ཁང་72བསྐྲུན་ཟིན་པར་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་5.5ཟིན་པ། རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ནང་བཅུག་པའི་རང་སྐྱོང་ལྗོངས་ཡིག་ཚགས་ཁང་གསར་པའི་དུས་ཐེངས་དང་པོའི་འཛུགས་སྐྲུན་རྣམ་གྲངས་2015ལོའི་ལོ་མཇུག་ཏུ་སྐྲུན་འགོ་ཚུགས་པ། གྲོང་ཁྱེར(ས་ཁུལ)ཡིག་ཚགས་ཁང་གསར་པ་4བསྐྲུན་ནས་སྤྱོད་འགོ་ཚུགས་པར་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་2ལྷག་ཙམ་ཟིན་ཡོད།

    ཁྲིམས་འཛུགས་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་ལྟར་ཡིག་ཚགས་བཅོས་སྐྱོང་གི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་བ།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྒྱལ་ཁབ་ཀྱིས་བཏོན་པའི་ཡིག་ཚགས་ཁྲིམས་ལུགས་ཁྲིམས་སྲོལ་གྱི་སྲིད་ཇུས་རབ་དང་རིམ་པར་དམ་པོར་དམིགས་པ་དང་རང་ས་ཁུལ་གྱི་ཡིག་ཚགས་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་གྱིས། 《〈དུས་བབ་གསར་པའི་འོག་གི་ཡིག་ཚགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར〉གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གཞུང་དོན་ཐིང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གི་བརྡ་ཐོ》སོགས་ཚད་ལྡན་ཡིག་ཆ་རབ་དང་རིམ་པ་བཀྲམ་པས། ལྗོངས་ཡོངས་ཀྱི་ཡིག་ཚགས་ཁྲིམས་ལུགས་འཛུགས་སྐྱོང་གི་བརྒྱུད་རིམ་ལ་སྐུལ་འདེད་ནུས་ལྡན་ཐེབས་པ་དང་། ཁྲིམས་ལྟར་ཡིག་ཚགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད།

    ལོ་ལྔའི་རིང་། ཉེ་བའི་ལོ་ཤས་ནང་བཀྲམ་པའི་ཡིག་ཚགས་ཁྲིམས་སྲོལ་རང་བཞིན་གྱི་ཡིག་ཆ་51ལ་གཙང་བཤེར་བྱས་ཏེ་བོད་ལྗོངས་ཡིག་ཚགས་ཀྱི་ལས་དོན་ཁག་གི་ཁྲིམས་སྲོལ་རང་བཞིན་གྱི་ཡིག་ཆའི་ནང་དོན་རྒྱལ་ཁབ་ཀྱི་ཡིག་ཚགས་བཅའ་ཁྲིམས་ཁྲིམས་སྲོལ་གྱི་ནང་དོན་དང་འབྲེལ་མཐུད་བདེ་བླག་བྱུང་བས། ཡིག་ཚགས་ཀྱི་སྲིད་གཞུང་བཀའ་རྒྱ་བདེ་བླག་ངང་ལག་ལེན་བསྟར་ཐུབ་པ་བྱུང་ཡོད།

    མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་ཡིག་ཚགས་ཀྱིས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ནུས་པ་གང་ལེགས་བཏོན་པ།

    ལོ་ལྔའི་རིང་། ལྗོངས་ཡོངས་ཀྱི་ཡིག་ཚགས་བསྡུ་ཚད་མཐོ་རུ་སོང་ཞིང་། རྩ་འཛུགས་གསར་པ་དང་གསར་དར་ཁྱབ་ཁོངས་སུ་གྲུབ་པའི་ཡིག་ཚགས་ལ་ཤུགས་སྣོན་ཐེབས་པ་དང་། བྱེད་སྒོ་གལ་ཆེན་དང་ལས་གྲྭ་གཙོ་གནད་ཀྱི་ཡིག་ཚགས་ཁྲིམས་ལྟར་གཉེར་བ། རྩ་ཆེའི་ལོ་རྒྱུས་ཡིག་ཚགས་དང་དངོས་པོ་ཡིག་ཚགས་དང་ལྷག་དོན་དུ“གསར་བརྗེའི་ལོ་རྒྱུས་ཀྱི་དྲན་ཤེས”ཡིག་ཚགས་ལ་སྔར་བས་མཐོང་ཆེན་ཐོབ་ཅིང་། བོད་ཡིག་གི་གནའ་དཔེ་ཡིག་ཚགས་དང་ལོ་བརྒྱའི་རྒན་པོའི་ཡིག་ཚགས་སོགས་ཁྱད་ལྡན་ཡིག་ཚགས་བསྡུ་རུབ་བྱེད་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། ཡིག་ཚགས་ཐོན་ཁུངས་ཀྱི་བཀོད་སྒྲིག་སྔར་བས་ལེགས་སུ་ཕྱིན་པ། ཉར་ཚགས་བྱས་པའི་ཡིག་ཚགས་ཀྱི་སྣ་ཁ་སྔར་བས་ཕུན་སུམ་ཚོགས་སུ་དང་གྲུབ་ཆ་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ཡོད། གཞི་རིམ་ཡིག་ཚགས་ཁང་འཛུགས་སྐྲུན་དང་གྲོང་གསེབ་ཀྱི་ས་ཆ་འགན་གཙང་ལེན་གྱི་གཉེར་སྐྱོང་དབང་ཆ་གཏན་འཁེལ་ཐོ་འགོད་དང་ལག་ཁྱེར་སྤྲོད་པ་སོགས་ཞིང་ལས་དང་གྲོང་གསེབ་ཀྱི་ཡིག་ཚགས་ལས་ཀ་གཏིང་ཟབ་ངང་སྤེལ་ཡོད།

    ལོ་ལྔའི་རིང་། བེད་སྤྱོད་གཏོང་མཁན་ཁྲི་1.3ལྷག་ལ་སྣེ་ལེན་ཞུས་ནས་ཡིག་ཚགས་ཁྲི་10.68དང་དངོས་པོ་2.02མཁོ་འདོན་བྱས་པ་དེ་དག་གིས་སྐྱེས་བུ་དམ་པའི་རྣམ་ཐར་འབྲི་བ་དང་། དེབ་ཐེར་སྒྲིག་འབྲི། རྩོད་གཞི་སྡུམ་པ། ལོ་རྒྱུས་ཞིབ་འཇུག ལས་ཀའི་དཔྱད་གཞི། སྤྱི་ཚོགས་བརྟན་ལྷིང་སོགས་ཕྱོགས་མང་པོའི་ཐད་ནུས་པ་གལ་ཆེན་བཏོན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།