[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བགྲེས་མོ་ཝང་དབྱི་མིང་གིས་མཐོང་བའི་ལྷ་སའི་འཕོ་འགྱུར།

    ​ འགྲོ་ལམ་རྒྱ་ཆེར་ཕྱིན་པ་དང་། ཐོག་སོ་མཐོ་རུ་ཕྱིན་པ། གྲོང་ཁྱེར་མཛེས་སུ་ཕྱིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-11-05

    ལེ་ཚན་གཏོད་པའི་གཏམ།

    འདི་ལོ་ནི་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་ལོ་ཞིག་རེད། ལོ་ངོ་40ཡི་དུས་ཚོད་བྱེ་མ་རླུང་བུས་འཁྱེར་བ་བཞིན་ཡལ་ཕྱིན་ནའང་སྒྱུར་བཅོས་སྒོ་དབྱེའི་ཤུགས་རྐྱེན་བོད་ཀྱི་ས་ཕྱོགས་གང་སར་ཐེབས་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་པ་བརྒྱུད་བོད་ཀྱི་རི་བོ་དེ་བས་སྔོ་ལྗང་དུ་གྱུར་པ་དང་། ཆུ་མོ་དེ་བས་དྭངས་བ། གྲོང་གསེབ་དེ་བས་སྡོད་མལ་རུང་བ། གྲོང་ཁྱེར་དེ་བས་མཛེས་སྡུག་ལྡན་པ་བཅས་སུ་གྱུར་ཡོད། ཞིང་འབྲོག་ཁུལ་བར་གཞུང་ལམ་ཤར་གཏོང་ཐུབ་པ་དང་། ཁྱིམ་ཚང་ཚང་མས་སྡོད་ཁང་གསར་པ་བསྐྲུན་པ། ལག་ཐོགས་ཁ་པར་དང་། དྲ་རྒྱ། བརྙན་འཕྲིན། རླངས་འཁོར་བཅས་མི་སེར་ཕལ་པའི་ཁྱིམ་ཚང་ཀུན་གྱིས་ཉོ་བ་དང་སྤྱོད་ཐུབ་པ་བྱུང་ཡོད། དེ་རིང་ནས་བཟུང་། འདི་ག་ཚགས་པར་ཐོག“ངས་མཐོང་བའི་སྒྱུར་བཅོས་སྒོ་དབྱེའི་ལོ་40”ཞེས་པའི་ལེ་ཚན་བཏོན་ནས་མི་གཅིག་དང་། ཁྱིམ་ཚང་གཅིག གྲོང་ཚོ་གཅིག ཤང་གྲོང་གཅིག་བཅས་ཀྱི་འཕོ་འགྱུར་ལ་དམིགས་ཏེ་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་རིང་རང་ལྗོངས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་མི་རིགས་ཁག་གི་མི་དམངས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་བའི་སྐོར་མངོན་པར་བྱ་རྒྱུ་ཡིན།

    ས་མཐོར་ལེགས་སྐྱེས་ཕུལ་ནས་ལྷ་སའི་འཕོ་འགྱུར་གྱི་དཔང་པོ་བྱས་པ།

    སྒྱུར་བཅོས་སྒོ་དབྱེའི་དཔྱིད་རླུང་དལ་བུར་ལྡང་བ་དང་བསྟུན“དཔྱིད་ཀྱི་གཏམ་རྒྱུད”ཡིད་ལ་ལྷང་ལྷང་དྲན། ལྷ་སར་ལས་ཀ་དང་འཚོ་བ་བསྐྱལ་ནས་ལོ་45སོང་བའི་བགྲེས་མོ་ཝང་དབྱི་མིང་གིས་རང་ཉིད་ཀྱི་ལང་ཚོ་དང་རྔུལ་ཆུ་དགའ་ཞེན་ཆེ་བའི་ས་གཞི་འདིའི་ཐོག་སྐྱེས་སུ་ཕུལ་ཡོད།

    ཆར་པ་མ་འབབ་པའི་སྐབས་ཐལ་རྡུལ་འཚུབ་པ་དང་། ཆར་པ་འབབ་པའི་དུས་སུ་འདམ་རྫབ་ཀྱིས་ཁེངས་པ། གཞུང་ལམ་ཐོག་སྣུམ་ནག་བཏིངས་མེད་པ་བཅས་ནི་སྒྱུར་བཅོས་སྒོ་དབྱེ་མ་བྱས་གོང་གི་ལྷ་སའི་གནས་ཚུལ་ངོ་མ་ཞིག་རེད། 1944ལོར་ནང་སོག་རང་སྐྱོང་ལྗོངས་སུ་སྐྱེས་པའི་ཝང་དབྱི་མིང་1975ལོར་ལྷ་ས་ཁྲེང་ཀོན་ཆུས་འཕྲོད་བསྟེན་ཁོའོ་རུ་ལས་ཀར་ཞུགས་པ་དང་། རྗེས་སུ་འོད་ཟེར་ཀུང་ཧྲེ(དོག་སྡེ་ཤང་མི་དམངས་སྲིད་གཞུང)སྨན་དོན་ཁོའོ་རུ་ལས་སྒྱུར་བྱས། དེ་དུས་ཁོང་ལང་ཚོ་དར་བའི་དུས་ཡིན་པས་ཉིན་ལྟར་སྐྲ་ལྷས་མ་རིང་པོ་ཞིག་བསླས་ནས་སྐབས་དེ་དུས་དར་ཁྱབ་ཆེ་བའི་རྐང་འཁོར་བཞོན་ཏེ་འབར་འབུར་བྱེ་རྡོའི་ལམ་དང་ཚད་དང་མི་མཐུན་པའི་རྡོ་གཅལ་ལམ་བརྒྱུད་ལས་ཁུངས་ནས་ཁྱིམ་བར་ཕར་འགྲོ་ཚུར་འོང་བྱེད་ཀྱི་ཡོད། 1978ལོར་ཁོང་སླར་ཡང་ཁྲེང་ཀོན་ཆུས་འཕྲོད་བསྟེན་ཁོའོ་རུ་ལས་སྒྱུར་བྱས་ནས་ཡུལ་ནད་འགོག་བཅོས་དང་། གྲོང་ཁྱེར་འཕྲོད་བསྟེན། འཆར་ལྡན་བུ་བཙའ་སོགས་ཀྱི་ལས་ཀའི་འགན་ཁུར།

    1985ལོའི་ཟླ་4པར། བོད་ལྗོངས་ཚོང་དོན་ཡིད་རྟོན་མངགས་བཅོལ་ཀུང་སི་བཙུགས་པ་དང་། ལྷ་སར་ཆ་བཞག་ན། འདི་ནི་སྒྱུར་བཅོས་སྒོ་དབྱེས་ལྷ་སར་དཔལ་འབྱོར་སྒྱུར་བཅོས་ཀྱི“བྱ་ཐབས་དང་པོ”སྤྱད་པ་ཞིག་རེད། ཝང་དབྱི་མིང་གི་ངོས་ནས་བརྗོད་ནའང་། འདི་ནི་ཁོང་གི་མི་ཚེའི་ཁ་ལོ་འགྱུར་མཚམས་ཤིག་ཀྱང་ཡིན་ཞིང་། ཁོང་བོད་ལྗོངས་ཚོང་དོན་ཡིད་རྟོན་མངགས་བཅོལ་ཀུང་སིའི་དྲུང་ཡིག་ལ་བཀོད་སྒྲིག་བྱས་པ་དང་། རྗེས་སུ་ཀུང་སི་ལེགས་སྒྲིག་བྱེད་སྐབས་ཁོང་ཀུང་སི་དེའི་ཁྲིམས་བཀོད་འཐུས་ཚབ་ཚ་ལའི་གཏེར་ཚ་ལའི་ལུད་བཟོ་གྲྭའི་ཁྲིམས་བཀོད་འཐུས་ཚབ་པར་གྱུར་པས་མི་རྣམས་ཀྱིས་བརྩེ་བ་ཆེན་པོའི་ངང་ཁོང་ལ“འཛམ་གླིང་ཡང་རྩེའི་ཚ་ལའི་གཏེར་གྱི་བུད་མེད་བདག་པོ”ཞེས་འབོད་ཀྱི་ཡོད།

    ཝང་དབྱི་མིང་གི་དྲན་ཤེས་སུ། དུས་རབས་གོང་མའི་ལོ་རབས་70པར་གཡུ་ཐོག་ལམ་དུ་གནས་པའི་ལྷ་སའི་བརྒྱ་ཟོག་ཚོང་ཁང་ནི་བོད་ཀྱི་བརྒྱ་ཟོག་ཀུང་སི་ཐོག་མ་ཡིན་པ་དང་། འཛུགས་སྐྲུན་གྱི་བཀོད་པ་དབྱིན་ཡིག་ཡིག་འབྲུ“L”འདྲ་བ་ཞིག་ཡོད་པས། མི་རྣམས་ཀྱིས་བརྩེ་བ་ཆེན་པོས“ཚོགས་ཁང་ཆེ་མོ”ཞེས་འབོད་ཀྱི་ཡོད། པེ་ཅིང་ཤར་ལམ་དུ་གནས་པའི་ཁྲོམ་གཟིགས་སྒང་ནི་སྐབས་དེ་དུས་ལྷ་སའི་ཚོང་ཟོག་ཆུང་གྲས་སྡེབ་ཚོང་བྱེད་སའི་ཁྲོམ་ར་ཆེ་ཤོས་རེད། དེར་ད་དུང་བླ་གབ་མེད་པའི་སྡིངས་ཆ་ཞིག་ཡོད་པ་དང་། རྒྱུན་དུ་རིག་རྩལ་འཁྲབ་སྟོན་བྱེད་ཀྱི་ཡོད། “སྐབས་དེ་དུས་ལྷ་སར་ད་དུང་སྦྲག་ཏར་ཐོག་བརྩེགས་ཁང་ཆེན་ཡོད། ལྷ་སར་སྦྲག་འཛིན་རང་འགུལ་འདོན་པའི་འཕྲུལ་འཁོར་ཐོག་མ་ཡོད་པ་དེས་ལྷ་སར་གནས་བབ་གལ་ཆེན་བཟུང་ཡོད། ཐོག་སོ་གསུམ་ལས་མེད་པའི་ཐོག་ཁང་དེ་ནི་སྐབས་དེ་དུས་ལྷ་སར་དེང་རབས་ཀྱི་འཛུགས་སྐྲུན་ཐོག་སོ་མཐོ་ཤོས་རེད། དེ་དུས་ལྷ་སར་གྲོང་ཁུལ་རྙིང་པ་ཡོངས་སུ་ཇ་ཁང་དང་ཟ་ཁང་ཆུང་ཆུང་ཞིག་དང་། ད་དུང་ལས་མི་གཅིག་ལས་མེད་པའི་འཕྲོད་བསྟེན་སུའོ་ཞིག་ཡོད། དེ་ནི་ཧ་ལམ་ལྷ་སའི་ཡོད་དོ་ཅོག་རེད”ཅེས་བརྗོད།

    ཁྲོམ་གཞུང་དུ་བསྐྱོད་ནས་དེ་སྔའི་དྲོ་སྐྱིད་ལྡན་པའི་དྲན་ཤེས་ཉམས་སུ་མྱངས་པ།

    1988ལོར། ཝང་དབྱི་མིང་སྔར་བཞིན་བོད་ལྗོངས་ཚོང་དོན་མངགས་བཅོལ་ཡིད་རྟོན་ཀུང་སིའི་ཁྲིམས་བཀོད་འཐུས་ཚབ་ཚ་ལའི་གཏེར་ཚ་ལའི་ལུད་བཟོ་གྲྭའི་ཁྲིམས་བཀོད་འཐུས་ཚབ་ཡིན་མོད། འོན་ཀྱང་། ཁོང་གི་རེ་སྒུག་ཀྱང་རིམ་གྱིས་མངོན་འགྱུར་བྱུང་ཞིང་། ཁོང་གིས“ཁྲོམ་གཞུང་དུ་ནོར་ལུག་འདེད་མཁན་འབྲོག་པ་དང་། དེ་བཞིན་ཐེར་གེ་དང་། འབྲི་གཡག་ཐེར་གེ སྒྲོམ་མེད་འཁོར་གསུམ་རྐང་འཁོར་བཅས་མཐོང་རྒྱུ་ཡོད་པ་མ་ཟད། ད་དུང་རླངས་འཁོར་ཡང་ལྷ་སའི་གཞུང་ལམ་དུ་རིམ་བཞིན་གཏོང་འགོ་ཚུགས་པ་དང་རྗེས་སུ་ལྷ་སར་སྣུམ་སྣོན་ས་ཚིགས་ཀྱང་བསྐྲུན་ཡོད”ཅེས་བརྗོད།

    1995ལོར། ཝང་དབྱི་མིང་པེ་ཅིང་དུ“བདེ་སྐྱིད་འདུ་འགོད——སྐྱེད་མ་དབུལ་པོར་རོགས་སྐྱོབ་བྱེད”པའི་རྣམ་གྲངས་ཀྱི་འགྲོ་ལུགས་གཉེར་བར་བསྐྱོད་པ་དང་། ལོ་དེར་ལྷ་ས་གྲོང་ཁྱེར་འཆར་བཙའ་མཐུན་ཚོགས་ཀྱི་དྲུང་ཆེ་དང་བདེ་སྐྱིད་འདུ་འགོད་ཀྱི་འགན་འཁུར་ཞིང་། ཁོང་གིས“སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱས་པ་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ལྷ་སའི་ཁྲོམ་གཞུང་ཁག་གཅིག་རྒྱ་ཆེར་ཕྱིན་ཡོད་ལ་མི་རྣམས་ཀྱི་འཚོ་བ་སྐྱེལ་སྟངས་ཀྱང་འགྱུར་ལྡོག་ཕྱིན་པ་མ་ཟད། ཚོང་གཉེར་གྱི་འདུ་ཤེས་ལྡན། རང་ཉིད་ཀྱི་འཚོ་བའི་བརྒྱུད་རིམ་ཕུན་སུམ་ཚོགས་སུ་ཕྱིན་ཡོད་ལ་ཕྲག་པའི་འགན་འཁྲི་ཡང་ཇེ་ལྕིར་ཕྱིན་སོང”ཞེས་བརྗོད།

    ཝང་དབྱི་མིང་གིས་སྐབས་དེ་དུས་ད་ཆའི་པེ་ཅིང་ཤར་ལམ་ལ་བདེ་སྐྱིད་ལམ་ཞེས་ཟེར་བ་དང་། དེ་ནི་སྐབས་དེ་དུས་དེ་ཙམ་མང་པོ་མེད་པའི་ཨར་འདམ་ལམ་ཤིག་རེད། སྐབས་དེ་དུས་ཀྱི་མི་རྣམས་ཀྱིས་ཀོ་གྲུར་བསྡད་ནས་གཙང་པོ་དང་ཆུ་བོ་སྒྲོལ་བ་དང་། ལྷ་སའི་སྐྱིད་ཆུར་ཀོ་གྲུར་སྡོད་མཁན་མང་པོ་ཡོད། སྐབས་དེ་དུས་ཀྱི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་ལ་ངལ་རྩོལ་མི་དམངས་རིག་གནས་ཕོ་བྲང་ཞེས་བརྗོད་ཀྱི་ཡོད། རྗེས་སུ་ཅང་སུའུ་དང་། ཀྲེ་ཅང་། སི་ཁྲོན། ཀན་སུའུ། མཚོ་སྔོན་བཅས་ཀྱི་ཚོང་པ་ལྷ་སར་སླེབས་ནས་ཁེ་བཟང་ཐེངས་དང་པོ་རག་པ་དང་། སྒྱུར་བཅོས་སྒོ་དབྱེའི་རླབས་རྒྱུན་ཆེ་མོའི་ཁྲོད་ལྷ་ས་བས་ཀྱང་རང་ཁྱིམ་གྱི་སྤྱོད་གོ་མེད་པའི་ཅ་དངོས་ཁྱེར་ནས་རིག་གནས་ཕོ་བྲང་དུ་འཚོང་གི་ཡོད། ལྷ་ས་སྦི་རག་བཟོ་གྲྭ་ནི་ལྷ་སར་ཆེད་མངགས་སྦི་རག་ཐོན་སྐྱེད་བྱེད་མཁན་བཟོ་གྲྭ་འབའ་ཞིག་ཡིན་པ་མ་ཟད། མི་རྣམས་ཀྱིས་ལྕགས་ཀྲིན་སྦི་རག་ལ་དགའ་ཤོས་བྱེད་ཀྱི་ཡོད། སྐབས་དེ་དུས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་རྒྱ་ཁྱོན་ཆུང་བ་དང་། དབྱར་རྩྭ་དགུན་འབུ་ཡང་འབྲས་དང་། ལྕགས་ཀྲིན། འགྱིག་ལྷམ་བཅས་དང་བརྗེ་རེས་བྱེད་པ་སོགས་ཀྱི་རྣམ་པ་སྣ་ཚོགས་མཐོང་རྒྱུ་ཡོད།

    འཕེལ་རྒྱས་ལས་འགྱུར་ལྡོག་ཆེན་པོ་བྱུང་བ།

    “ལོ་བཅུའི་རིང་། ལྷ་སར་ཚོང་ཁང་གསར་པ་མང་པོ་བསྐྲུན་ཡོད། ཚོང་ཁང་གསར་པ་རེ་རེ་སྐྲུན་རིམ་བཞིན་ཞབས་ཞུ་བ་མང་པོ་བསྡུ་དགོས་པས། མི་མང་པོ་ཞིག་གི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་ཐུབ་ཡོད། ལས་གནས་གསར་པར་ལས་མི་གསར་པ་ཧ་ཅང་མང་པོ་བསྡུ་འགོ་ཚུགས་ཡོད”ཅེས་ཝང་དབྱི་མིང་གིས་བརྗོད། 1998ལོར། ཁོང《ཀྲུང་གོའི་འཆར་ལྡན་བུ་བཙའི་ལོ་རིམ་མེ་ལོང》ལ་ཚུད་ནས“བོད་ཀྱི་བཙའ་ལོ་ལོན་པའི་བུད་མེད་ཀྱི་སྙིང་ཉེ་བ——མཁྱེན་ལྡན་མ་ཝང་དབྱི་མིང”ཞེས་འབོད་ཀྱི་ཡོད། ཡིན་ནའང་གཟི་བརྗིད་མཚན་སྙན་དེ་འདྲས་ལྷ་སའི་འགྱུར་ལྡོག་ཆེན་པོ་མངོན་མི་ཐུབ་ཅིང་། ཝང་དབྱི་མིང་གིས“དེ་དུས་ལྷ་སར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་འགྲོ་འགོ་ཚུགས་ཡོད། དེ་སྔའི་བྱེ་སའི་ལམ་སྣུམ་ནག་ལམ་དུ་གྱུར་པ་དང་། དེ་སྔ་དྲི་ངན་གྱིས་ཁེངས་པའི་འོབས་དོང་ཡང་ད་ཆ་མཐོང་རྒྱུ་མེད། དགོང་མོ་འཆར་བའི་དུས་སུ་ལམ་སྒྲོན་དག་ལས་གློག་འོད་ཆེམ་ཆེམ་འཕྲོ་བ་དང་ཕར་འགྲོ་ཚུར་འོང་བྱེད་པའི་རླངས་འཁོར་དག་གི་གློག་སྒྲོན་ཁང་པའི་གྱང་སྟེངས་སུ་འཕྲོ་གི་ཡོད། ངས་དེ་སྔ་རེ་སྒུག་བྱེད་པའི་མཛེས་ལྗོངས་དག་མཐོང་བྱུང”ཞེས་དགའ་ཚོར་ཆེན་པོའི་ངང་བརྗོད།

    2006ལོར། མཚོ་བོད་ལྕགས་ལམ་དུ་མེ་འཁོར་དངོས་སུ་ཤར་གཏོང་ཐུབ་པས་ཝང་དབྱི་མིང་གི་ངོ་གདོང་མཆི་མས་ཁེངས་ཤིང་། “ངའི་ཨ་མ་བྱང་ཤར་ཁུལ་དུ་ཡོད། ཨ་མ་ཚེ་ལས་འདས་སྐབས་ནང་མིས་ང་ལ་གློག་འཕྲིན་བསྐུར་མོད། འོན་ཀྱང་། གློག་འཕྲིན་དེ་ཉིན་གསུམ་གྱི་རྗེས་གཞི་ནས་ང་ལ་འབྱོར་བྱུང་། ང་རང་ཁྱིམ་དུ་འབྱོར་སྐབས་ཨ་མ་དུར་འཇུག་བྱས་ཟིན་པས་མཐའ་མའི་ཐུགས་འཕྲད་ཀྱང་མ་བྱུང”ཞེས་མིག་ཆུ་འཕྱིས་བཞིན་བརྗོད་པ་དང་། ཁོང་གིས་ཁྱེད་རང་གིས་གཟིགས་དང་། ད་ཆ་སྐྱིད་པོ་རེད། ལག་ཐོགས་ཁ་པར་ཡོད་པས་ཆ་འཕྲིན་ལམ་སེང་འབྱོར་པ་དང་། མེ་འཁོར་དང་གནམ་གྲུ་ཡོད་པས་རང་ཉིད་གང་དུ་འགྲོ་འདོད་ཡོད་ཀྱང་ལམ་སེང་སླེབས་ཀྱི་རེད་ཅེས་བརྗོད།

    ལྷ་ས་གྲོང་ཁྱེར་སྔར་བས་མཛེས་སྡུག་ལྡན་པར་གྱུར་པ།

    2008ལོར། གླུ་གཞས《ང་དང་ཁྱེད》ཅེས་པས་རང་རྒྱལ་དང་འཛམ་གླིང་གི་བར་ཐག་དེ་བས་ཉེ་རུ་ཕྱིན་ཡོད། འོན་ཀྱང་སྐབས་དེ་དུས་ཝང་དབྱི་མིང་ལོ་65ལ་སླེབས་པ་དང་རྒན་ཡོན་ཞུས་ནས་ལོ་6སོང་ཟིན། ཁོང་གིས་ཉིན་ལྟར་ཞོགས་པ་མལ་ལས་ལངས་རྗེས་གླུ་གཞས་གཏོང་བ་དང་ཞབས་བྲོ་འཁྲབ་པ་དང་། སྐབས་འགར་སྙན་ངག་དང་ལྷུག་རྩོམ་འབྲི་གི་ཡོད། དེ་ནི་ཁོང་གི་ཚེ་མཇུག་གི་བདེ་སྐྱིད་ལྡན་པའི་འཚོ་བ་རེད།

    “ལོ་བཅུ་འདི་དག་ནི་ལྷ་སར་འཕེལ་རྒྱས་མྱུར་པོ་བྱུང་བའི་ལོ་བཅུ་རེད། ‘དུད་ཚང་ལ་དྲོད་རླངས་འཁྲིད་པའི’ལས་གྲྭས་ཁྱིམ་ཚང་དེ་བས་དྲོ་སྐྱིད་ལྡན་པར་གྱུར་པ་དང་། མྱུར་བགྲོད་གཞུང་ལམ་བསྐྲུན་པ་དེས་གྲོང་ཁྱེར་འཕེལ་རྒྱས་མགྱོགས་སུ་ཕྱིན་པ་མ་ཟད། སྤྱི་ཚོགས་ཡར་ཐོན་ལ་སྐུལ་ཁྲིད་དེ་བས་ཐུབ་ཡོད། དོན་དག་གང་ཞིག་སྒྲུབ་པར་ཐང་ཆད་ཆད་འགྲོ་དགོས་ཀྱི་མེད”ཅེས་ཝང་དབྱི་མིང་གིས་བརྗོད་པ་དང་། འདས་དོན་གླེང་བཞིན་གླེང་བཞིན་ཁོང་མུ་མཐུད་དྲན་ཤེས་ཀྱི་ཀློང་དུ་ཚུད། “འགྱུར་ལྡོག་དེ་དག་ཕུད། ད་ཆ་འགྱུར་ལྡོག་འགྲོ་མུས་ཡིན་པའི་ལྷ་སའི་སྐྱིད་ཆུའི་ཆུ་རགས་གཞོགས་གཉིས་མཛེས་སུ་ཕྱིན་པ་དང་། འགྲོ་ལམ་གཡས་གཡོན་གཉིས་ཀྱི་སྔོ་ལྗང་ལྗོན་ཤིང་གིས་ནམ་མཁའ་སྔོ་ཞིང་དྭངས་བའི་གྲོང་ཁྱེར་དེའི་མཁའ་རླུང་དེ་བས་གཙང་མ་ཆགས་ཡོད”ཅེས་བགྲེས་མོ་ཝང་དབྱི་མིང་གིས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།