[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • དུས་བབ་བཟང་པོའི་འོག་འབད་འབུངས་ཡར་བརྩོན་བྱེད་པ།

    —— ལྷ་ས་གྲོང་ཁྱེར་གྱི་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-12

    ཏང་འཛུགས་སྐྱོང་ལས་དོན་ལ་སྐུལ་འདེད་བཏང་ནས་ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། ཐབས་དང་ཇུས་ཧུར་ཐག་བཏོན་ནས་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་གཏོད་པ། དབུལ་སྐྱོར་འགག་སྒྲོལ་ལ་གཞོགས་འདེགས་བྱས་ཏེ་གནད་སྨིན་དབུལ་སྐྱོར་བྱ་སྤྱོད་ལ་སྐུལ་འདེད་ཧུར་ཐག་གཏོང་བ། གཟི་བརྗིད་ལྡན་པའི་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ནུས་ཤུགས་ཡོད་རྒུས་དམངས་འཚོ་ལེགས་གཏོང་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་ཞབས་ཞུའི་བྱེད་ཐབས་ལེགས་སུ་བཏང་སྟེ་དམངས་གཉེར་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་སོགས། ད་ཆ་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་ཡང་དག་པའི་འགོ་ཁྲིད་འོག་གྲོང་ཁྱེར་ཡོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་རྒྱུན་མཐུད་དང་། མགྱོགས་མྱུར། བདེ་ཐང་བཅས་ངང་འཕེལ་རྒྱས་ཕྱིན་ནས་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་གྲུབ་ཆ་ལེགས་སུ་གཏོང་བ། ནོར་སྲིད་ཡོང་འབབ་མང་དུ་གཏོང་བ། སྤྱི་ཚོགས་ཀྱི་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་བ། མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་བ། སྤྱི་ཚོགས་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པ་སོགས་ལ་ནུས་པ་གལ་ཆེན་ཐོན་དང་ཐོན་བཞིན་ཡོད།

    སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་ཆེས་ཆེར་འཕར་བ།

    སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། ལྷ་ས་གྲོང་ཁྱེར་བཟོ་ལས་གླིང་མེད་པ་ནས་ཡོད་པའི་བར་འཕེལ་རྒྱས་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་། ཚོང་རྒྱ་ཟམ་མི་ཆད་པར་ཆེ་རུ་ཕྱིན་ནས་གྲོང་ཁྱེར་འཕེལ་རྒྱས་ཀྱི་གསོན་ཤུགས་མངོན་པ། གསར་གཏོད་ལས་གཏོད་ཀྱི་ཚ་རླབས་ཟམ་མི་ཆད་པར་མཐོ་རུ་ཕྱིན་ནས་དུས་རབས་འཕེལ་རྒྱས་ཀྱི་དུང་བརྡ་བསྒྲགས་ཡོད།

    1984ལོར་ལྷ་ས་གྲོང་ཁྱེར་དུ་སྒེར་གཉེར་ཚོང་དུད་5700ལས་མེད། 1993ལོར་སྒེར་གཉེར་ཁེ་ལས་31ཐོན་ནས་ཐོ་བཀོད་མ་དངུལ་སྒོར་ཁྲི་515.6ཟིན་ཡོད། 2017ལོའི་ལོ་མཇུག་བར་གྲོང་ཁྱེར་ཡོངས་སུ་ཐོ་བཀོད་པའི་ཁྲོམ་རའི་བྱེད་པོ་སྣ་ཚོགས་དུད་ཚང་ཁྲི་7.8ཟིན་ཡོད། དེའི་ཁྲོད་ནང་ཁུལ་ནས་མ་རྩ་བཏང་བའི་ཁེ་ལས་ཁྲི་2.12ལྷག་ཙམ་ཟིན་པ་དང་ཐོ་བཀོད་མ་དངུལ་སྒོར་དུང་ཕྱུར་4499.7ཟིན་ཡོད། སྒེར་གཉེར་ཚོང་དུད་ཁྲི་5.6ལྷག་ཙམ་ཟིན་ནས་ལས་སྒྲུབ་མི་སྣ་ཁྲི་12.8དང་ཐོ་བཀོད་མ་དངུལ་སྒོར་དུང་ཕྱུར་57.48ཟིན་ཡོད། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་1425ཟིན་ནས་ལས་སྒྲུབ་མི་སྣ་ཁྲི་1.5ཟིན་ཡོད། སྒེར་གཉེར་ཁེ་ལས་ཁྲི་1.83ལྷག་ཙམ་ཟིན་ནས་ལས་སྒྲུབ་མི་སྣ་ཁྲི་10.1དང་ཐོ་བཀོད་མ་དངུལ་སྒོར་དུང་ཕྱུར་2844.7ཟིན་ཡོད། “ཕྱིར་བསྐྱོད་པ་དང་ནང་དུ་གདན་དྲངས་པའི”བྱེད་སྟངས་སྤྱད་དེ་ཚོང་འགུགས་མ་འདྲེན་བྱས་པ་བརྒྱུད་ལྷ་ས་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁེ་ལས་29ལྷ་སར་འཛུགས་རྒྱུའི་གན་རྒྱ་བཞག་པ་དང་དེའི་ཁྲོད་རྒྱལ་ཡོངས་ཀྱི་དམངས་གཉེར་ཁེ་ལས་སྟོབས་ཆེན་500ཡི་གྲས་ཀྱི་ཁེ་ལས་8ཡོད་པ་དང་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་332.17ཟིན་ཡོད།

    མིག་སྔར། སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་ཉིད་ལྷ་ས་གྲོང་ཁྱེར་གྱི་རྒྱལ་དམངས་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་དང་། ནོར་ཁྲལ་ཡོང་འབབ་ཀྱི་ཡོང་ཁུངས་གལ་ཆེན། ལས་ཞུགས་ཐག་གཅོད་ཀྱི་ཐབས་ལམ་གཙོ་བོ། ཚོང་འགུགས་མ་འདྲེན་གྱི་ཐབས་ལམ་གལ་ཆེན་བཅས་སུ་གྱུར་ཡོད།

    སྲིད་ཞུགས་སྲིད་གླེང་གི་ནུས་པ་ཟམ་མི་ཆད་པར་ཆེ་རུ་སོང་བ།

    སྲིད་ཞུགས་སྲིད་གླེང་ཧུར་ཐག་བྱས་ཏེ་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་འཕེལ་རྒྱས་ལ་ཐབས་དང་ཇུས་འདོན་པ་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་ཁྲིད་ལོ་ལྟར་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་འཚོགས་པའི་དོན་ཚན་གལ་ཆེན་གྱི་གྲོས་བསྡུར་ཚོགས་འདུ་དང་། བཞུགས་མོལ་ཚོགས་འདུ། དེ་བཞིན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་སྙན་སེང་ཚོགས་འདུ་བརྒྱུད་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འབྲེལ་ཡོད་ཡིག་ཆ་གལ་ཆེན་དང་། གྲོང་ཁྱེར་སྲིད་གཞུང་གི་ལས་དོན་སྙན་སེང་གི་བསམ་འཆར་བསྡུ་ལེན་མ་ཟིན། འཕེལ་རྒྱས་འཆར་འགོད་དང་དེ་བཞིན་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་གནད་དོན་གལ་ཆེན་ལ་བསམ་འཆར་དང་གྲོས་འགོ་བཏོན་ཡོད། བསམ་འཆར་དང་གྲོས་འགོ་མང་པོར་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་མཐོང་ཆེན་དང་དང་ལེན་བྱས་ཡོད། གཞན་ཡང་གྲོང་ཁྱེར་བཟོ་ཚོང་ལས་རིགས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱིས་སྲིད་ཞུགས་སྲིད་གླེང་ཧུར་ཐག་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཐབས་དང་ཇུས་བཏོན་ཡོད། ལྷག་པར་དུ་ལྷ་ས་གྲོང་ཁྱེར་གྱི་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་ཁྲོམ་རའི་ཆོག་འཐུས་ཚད་གཞི་ལྷུག་ཏུ་གཏོང་བ་དང་། སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་ཁེ་ལས་ཀྱི་རོགས་སྐྱོར་ཐེབས་རྩ་འཛུགས་པ། འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་གཏོང་བ། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ལ་མཐོང་ཆེན་བྱེད་པ། རྫོང་ཁག་གི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྲིག་གཞི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཐད་ཐབས་དང་ཇུས་ཧུར་ཐག་བཏོན་པ་ལས་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་ལས་རིགས་ཀྱི་འཐུས་མིའི་སྲིད་ཞུགས་སྲིད་གླེང་གི་ཆུ་ཚད་དང་འཇོན་ཐང་གང་ལེགས་མངོན་པ་མ་ཟད། ད་དུང་ཚོགས་ཞུགས་འཐུས་མི་དང་ཨུ་ཡོན་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་མང་ཚོགས་ཀྱི་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད།

    གནད་སྨིན་དབུལ་སྐྱོར་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་བ།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་རང་སྐྱོང་ལྗོངས་ཀྱིས་སྤེལ་བའི“ཁེ་ལས་བརྒྱས་གྲོང་ཚོ་བརྒྱར་རོགས་རམ་བྱེད་པའི”གནད་སྨིན་དབུལ་སྐྱོར་བྱ་སྤྱོད་ཀྱི་བླང་བྱར་གཞིགས་ཏེ། “ཁེ་ལས་ཀྱིས་གྲོང་ཚོར་རོགས་རམ་བྱེད་པའི”གནད་སྨིན་དབུལ་སྐྱོར་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། “ཁེ་ལས་ཀྱིས་གྲོང་ཚོར་རོགས་རམ་བྱེད་པའི”གནད་སྨིན་དབུལ་སྐྱོར་ལག་བསྟར་ཇུས་གཞི་བཟོས་ཏེ་གྲོང་ཁྱེར་ཡོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་མི་སྣ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་ཞུགས་རྒྱུར་སྐུལ་སློང་བྱས་པ་དང་ཐོན་ལས་རོགས་སྐྱོར་དང་། ལས་ཞུགས་རོགས་སྐྱོར། སྤྱི་ཕན་རོགས་སྐྱོར། རྩལ་ནུས་རོགས་སྐྱོར་སོགས་ཀྱི་བྱེད་ཐབས་སྤྱད་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་བྱ་སྤྱོད་ནང་ཞུགས་པ་རེད།

    བོད་ལྗོངས་མཁན་པ་དཀར་པོ་འཕྲོད་བསྟེན་མཁོ་རྫས་ཚད་ཡོད་ཀུང་སིས་ཡུལ་དེའི་ཞིང་འབྲོག་མང་ཚོགས་ལས་ཞུགས་བྱ་རྒྱུ་དེ་ཡོང་འབབ་མང་དུ་གཏོང་བ་དང་གནད་སྨིན་དབུལ་སྒྲོལ་མངོན་འགྱུར་བྱེད་པའི་ཐབས་ལམ་གལ་ཆེན་དུ་བརྩིས་ཡོད། ཀུང་སི་དེའི་70%ཡན་གྱི་ལས་མི་ནི་སྟོད་ལུང་བདེ་ཆེན་ཆུས་དང་སྟག་རྩེ་ཆུས་ཀྱི་ཐག་རིང་གྲོང་གསེབ་ཀྱི་ཞིང་འབྲོག་མང་ཚོགས་རེད། “ཀུང་སི་དང་ཞིང་དུད་ཟུང་དུ་འབྲེལ་བའི”རྣམ་པ་སྤྱད་དེ་སྟག་རྩེ་ཆུས་དར་རྒྱས་ཤང་དུ་མུའུ་ཁྲིའི་མཁན་པ་དཀར་པོའི་ཚད་ལྡན་ཅན་གྱི་སྣོད་བཅུད་འདེབས་འཛུགས་བྱས་པ་དང་ཡུལ་དེའི་ཞིང་འབྲོག་མང་ཚོགས་གླ་པར་བསྡུས་ནས་ས་བོན་སྤོས་འཛུགས་དང་། འདེབས་འཛུགས། སྔོག་འཐུ་བཅས་བྱེད་དུ་བཅུག་པ་དང་འབྲེལ་དུས་ཐོག་ཏུ་གླ་ཆ་སྤྲད་པ་རེད།

    “ལོ་མང་རིང་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད་ཀུང་སིས་དུས་རབས་དང་དབུགས་ལམ་གཅིག་གྱུར་དང་བདེ་སྡུག་མཉམ་མྱོང་བྱེད་པ་དང་རང་འགུལ་ངང་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་ཏེ་རང་ཉིད་ཀྱི་བྱ་སྤྱོད་ཐོག་ནས་སྤྱི་ཚོགས་ལ་དྲིན་ལན་འཇལ་ཚེ་གཞི་ནས་སྤྱི་ཚོགས་ཀྱི་ཁས་ལེན་ཐོབ་པ་དང་རང་ངོས་འཕེལ་རྒྱས་སྔར་བས་ཡག་པོ་དང་མྱུར་པོ་འགྲོ་ཐུབ་པ་གཏིང་ཟབ་ཚོར་བྱུང”ཞེས་ཀུང་སི་དེའི་འགན་འཁུར་བས་བཤད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།