[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • སེམས་ནུས་གཅིག་ཏུ་བསྒྲིལ་ནས་ཤང་གསར་བཏོད་པ།

    —— ས་དགའ་རྫོང་འཕྲང་སྒོ་ཤང་གི་དབུལ་སྒྲོལ་འགག་སྒྲོལ་སྐོར་གྱི་ཟུར་བྲིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-12

    ཀྲུང་ནེ་འབྲེལ་མཚམས་སུ་གནས་པའི་འཕྲང་སྒོ་ཤང་ཡོངས་སུ་སྲིད་འཛིན་གྲོང་ཚོ་4དང་། ཚོགས་ཆུང་21 དུད་ཚང་414 མི་གྲངས་1581བཅས་ཡོད་པ་རེད། ས་གནས་དེ་གའི་མང་ཚོགས་གཙོ་བོ་ཕྱུགས་རིགས་འཚོས་ནས་འཚོ་བ་སྐྱེལ་གྱི་ཡོད་པས་ལྗོངས་ཡོངས་ཀྱི་ཤིན་ཏུ་དབུལ་བའི་ཤང་གི་ཁོངས་སུ་གཏོགས་ཀྱི་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་བ་དང་བསྟུན་ནས་མིག་སྔའི་བར་འཕྲང་སྒོ་ཤང་དུ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་113དང་མི་གྲངས་369ཡོད་པའི་ཁྲོད་དུད་ཚང་99དང་མི་གྲངས་332དབུལ་སྒྲོལ་ཐུབ་ཡོད་པ་རེད།

    ཆ་སྒྲིག་བྱས་ནས་རོགས་རམ་ལ་སྐུལ་འདེད་བཏང་བ་དང་དབུལ་སྒྲོལ་ལ་རོགས་སྐྱོར་བྱས་པ།

    འདི་ལོའི་ཟླ་དང་པོར་ས་དགའ་རྫོང་ཨུད་ཀྱི་ཧྲུའུ་ཅི་དོན་གྲུབ་ཀྱིས་ལོ་གསར་གྱི་འཚམས་འདྲིའི་དངོས་པོ་འཁྱེར་ནས་གཡག་གཡག་གྲོང་ཚོའི་ཀུའུ་ཆའོ་ཚོགས་ཆུང་དུ་བསྐྱོད་དེ་གྲོང་ཚོའི་ནང་གི་དུད་ཚང་དབུལ་པོ་གཉིས་དང་ཆ་སྒྲིག་བྱས་ནས“གཅིག་གཏད་གཅིག”གི་ཆ་སྒྲིག་རོགས་སྐྱོར་བྱས་པ་དང་། དུད་ཚང་དབུལ་པོ་དང་མཉམ་ཟ་མཉམ་འཐུང་དང་མཉམ་དུ་ལས་ཀ་བྱས་པ་རེད། དེ་ནས་བཟུང་གཡག་གཡག་གྲོང་ཚོའི་དུད་ཚང་དབུལ་པོ་ཚང་མ་དོན་གྲུབ་ཀྱི་སྣེ་ཁྲིད་འོག་དབུལ་སྐྱོར་ལས་བྱེད་པ་དང“ཆ་སྒྲིག”རོགས་སྐྱོར་བྱས་པ་རེད། འཚམས་འདྲི་དང་བརྟག་དཔྱད་བྱེད་རིང་གནས་ཚུལ་ཤེས་རྟོགས་བྱེད་བདེ་ཡོང་བ་དང་། དབུལ་པོར་གྱུར་རྐྱེན་འཚོལ་བ། དུད་ཚང་ལ་གཞིགས་ནས་རོགས་སྐྱོར་བྱ་ཐབས་དང་དབུལ་སྒྲོལ་འཆར་གཞི་བཟོས་པ་རེད། 2017ལོར་འཕྲང་སྒོ་ཤང་གིས་དམངས་ཕན་མ་དངུལ་ལེན་་ཐབས་གསར་པ་བཟོས་པས། ཤང་དེ་ཡོངས་ཀྱི་མང་ཚོགས་དབུལ་པོའི་བཅོལ་དངུལ་གྱི་ལྷག་གྲངས་2016ལོའི་སྒོར་ཁྲི་89ལྷག་ཙམ་ནས་སྒོར་ཁྲི་147ལྷག་ཙམ་བར་མང་དུ་ཕྱིན་པ་དང་དུད་ཚང་དབུལ་པོའི་དངུལ་ཁང་གི་དངུལ་བུན་སྒོར་ཁྲི་140ཟིན་པ་དེ་2016ལོ་ལས་སྒོར་ཁྲི་20ལྷག་ཙམ་ཆག་ཡོད་པ་དང་དུད་ཚང་དབུལ་པོའི་དངུལ་ཁང་གི་བཅོལ་དངུལ་སྒོར་ཁྲི་670.9ཟིན་པ་དེ་2016ལོ་ལས་སྒོར་ཁྲི་100མང་དུ་ཕྱིན་ཡོད་པ་རེད།

    རྟེན་གཞི་བསྐྲུན་ནས་ཐོན་ལས་སྐྱེད་སྲིང་དང་ཡོང་འབབ་འཕར་བར་བྱས་པ།

    2015ལོར་གཡག་གཡག་གྲོང་ཚོས་རྫོང་ཨུད་དང་རྫོང་སྲིད་གཞུང་གི་འབོད་སྐུལ་དང་ལེན་ཧུར་ཐག་བྱས་ཏེ་གྲོང་ཚོ་དེ་ཡོངས་ཀྱིས་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། 2017ལོར་འཕྲང་སྒོ་ཤང་གིས་མི་ཐབས་ལ་བརྟེན་ནས་རྩྭ་མུའུ་1010བཏབ་སྟེ་དུད་ཚང་དབུལ་པོའི་ངལ་ནུས་ལྷག་མ་40ཡི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ་དང་། མི་ཐེངས་1350ལས་ཞུགས་བྱས་པ། ངལ་ནུས་ཡོང་འབབ་སྒོར་ཁྲི་20.25བྱུང་ནས་ལོ་མཇུག་ཏུ་དུད་ཚང་དབུལ་པོར་དངུལ་སྒོར་ཁྲི་25.2བགོ་བཤའ་བརྒྱབ་ཡོད། མི་ཐབས་ལ་བརྟེན་ནས་རྩྭ་བཏབ་པའི་རྟེན་གཞི་བརྒྱུད་དུད་ཚང་དབུལ་པོའི་བཀྲ་ཤིས་ཚེ་རིང་ལས་ཞུགས་ཐུབ་པ་དང་རང་ཉིད་ཀྱིས་ལས་ཀ་བྱས་པའི་གླ་ཕོགས་ལེན་རིམ་བཞིན་ཁོང་གི་ངོ་གདོང་ནས་དགའ་སྤྲོའི་འཛུམ་མདངས་མངོན་བཞིན“མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པའི་རྟེན་གཞིས་ང་རང་ལས་ཞུགས་ཐུབ་རྒྱུར་རོགས་རམ་བྱས་པ་མ་ཟད། ད་དུང་རང་ཉིད་ཀྱིས་རྩྭ་འདེབས་པའི་ལག་རྩལ་ཤེས་བྱུང”ཞེས་ཤོད་ཀྱི་ཡོད། བཀྲ་ཤིས་ཚེ་རིང་དང་འདྲ་བའི་དུད་ཚང་དབུལ་པོ་20ལྷག་ཙམ་མི་ཐབས་ལ་བརྟེན་ནས་རྩྭ་བཏབ་སྟེ་ཕྱུག་པོའི་ལམ་དུ་སྐྱོད་ཐུབ་པ་བྱུང་ཡོད།

    ད་ཆ་འཕྲང་སྒོ་ཤང་དུ་ས་དགའ་རྫོང་གི་ཧོར་པའི་ལུག་གི་སྣོད་བཅུད་སླར་གསོ་དང་དེ་བཞིན་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པའི་རྣམ་གྲངས་ཀྱི་སྤྱིའི་རྒྱ་ཁྱོན་མུའུ་ཁྲི་2.5ལག་བསྟར་བྱེད་བཞིན་ཡོད་པའི་ཁྲོད་གཟན་རྩྭ་འདེབས་ཁྱོན་མུའུ་ཁྲི་1.88དང་སྣོད་བཅུད་སླར་གསོའི་རྒྱ་ཁྱོན་མུའུ་ཁྲི་0.62ཟིན་ཡོད་པ་རེད། 2017ལོ་བར་འཕྲང་སྒོ་ཤང་དུ་ཤང་དེ་ཡོངས་ཀྱི་དུས་ཐུང་རྒྱགས་གསོའི་ལུག་1551ཡོད་པ་དང་ཧོར་པའི་ལུག་420གསོས་ཡོད་པ་རེད། ཤང་དེ་ཡོངས་སུ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་99དང་མི་332དུས་བཀག་ལྟར་དབུལ་སྒྲོལ་བྱུང་ཡོད་པ་རེད།

    བསམ་ཕྱོགས་གསལ་པོ་བཟོས་ནས་ཤང་གསར་བཏོད་པ་དང་ཐུན་མོང་ཐོག་ཕྱུག་པོ་ཆགས་པ་བྱས་པ།

    2017ལོར་འཕྲང་སྒོ་ཤང་གི་ཏང་སྲིད་འགོ་ཁྲིད་ཚན་ཁག་གིས་གྲོང་ཚོ“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི་དང་ཏང་ཡོན་ལས་བྱེད་པ་ཁག་གཅིག་གི་བསམ་འཆར་ཧུར་ཐག་ཉན་ནས་བསམ་ཕྱོགས་གསལ་པོ་བཟོས་ཏེ་སྲོལ་རྒྱུན་དང་རྗེས་ལུས་ཀྱི་འབྲོག་ལས་ཐོན་སྐྱེད་བྱེད་སྟངས་ལ་འགྱུར་ལྡོག་གཏོང་རྒྱུའི་ཐག་བཅད་པ་རེད། ལོ་དེ་རང་དུ་འཕྲང་སྒོ་ཤང་གི་མི་ཐེངས་300ལྷག་ཙམ་ཕྱིར་ལས་ཀ་བྱེད་པར་སྐྱོད་པའི་ཡོང་འབབ་2016ལོའི་སྒོར་ཁྲི་30ལྷག་ཙམ་ནས་སྒོར་ཁྲི་250ལྷག་ཙམ་བར་མང་དུ་ཕྱིན་པའི་ཁྲོད་མི་འབོར་དབུལ་པོ་ཕྱིར་ལས་ཀར་སྐྱོད་པའི་ཡོང་འབབ་སྒོར་ཁྲི་108བྱུང་ཡོད་པ་རེད།

    2017ལོར་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་དུད་ཚང་དབུལ་པོ་དུས་བཀག་ལྟར་སྡོད་ཁང་གསར་པའི་ནང་སྤོ་ཐུབ་པ་བྱ་ཆེད། འཕྲང་སྒོ་ཤང་ཏང་ཨུད་དང་སྲིད་གཞུང་གིས་དུས་ཐོག་ཏུ་གནས་སྤོས་དབུལ་སྐྱོར་ལས་ཀའི་འགོ་ཁྲིད་ཚོགས་ཆུང་དང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་སྤུས་ཚད་ལྟ་སྐུལ་ཚོགས་ཆུང་བཙུགས་ནས་ཨར་ལས་ཀྱི་སྤུས་ཚད་དང་འཕེལ་རིམ་འགན་ལེན་བྱས་པ་རེད།

    སྔོན་ཆད་འཕྲང་སྒོ་ཤང་གི་གང་སར་བཙོག་ཟིང་ཞན་གསུམ་གྱི་རྣམ་པ་མཐོང་རྒྱུ་ཡོད་པ་དང་ད་ཆ་དམངས་ཁང་སྟར་པ་རེ་རེ་བྱས་ཏེ་གཙང་ལ་གྲལ་སྟར་འགྲིག་པོས་གནས་ཡོད་པ་རེད། 2016ལོར་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་བྱས་ཚུན། འཕྲང་སྒོ་ཤང་གིས་དུད་ཚང་92ཀྱི་སྡོད་ཁང་གསར་པ་བརྒྱབ་པ་དང་གྲོང་ཚོའི་ཁོར་ཡུག་ལེགས་སུ་ཤུགས་ཆེན་བཏང་ནས་ནུས་པ་ཆ་ཚང་བ་དང་ཁོར་ཡུག་མཛེས་པའི“འཕྲང་སྒོ་གསར་པ”ཞིག་སྐྲུན་བཞིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།