[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • མཉམ་འདྲེས་གཉིས་ཕན་ཡོང་བར་བྱས་ནས་དམངས་ཕྱུག་བོད་དར་ལ་རམ་འདེགས་བྱེད་པ།

    ​ —— བོད་ཀྱི་བྱ་གཞག་ཁག་གི་འཕེལ་རྒྱས་ལ་ཀྲུང་དབྱང་ཁེ་ལས་ཀྱིས་སྟོབས་ཤུགས་བསྣན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-24

    “དེ་སྔོན་གྲོང་ཚོའི་ནང་གློག་ཆས་སྒྲིག་ཆས་མི་ཉུང་བ་ཞིག་ཡོད་ཀྱང་ཉི་ནུས་གློག་ཁུངས་དང་རྫོང་ནང་གི་ཆུ་ཤུགས་གློག་ཁང་ཆུང་གྲས་བརྟན་པོ་མེད་པ་དང་ཁྲའེ་ཡིའུ་སྣུམ་གྱི་གློག་འདོན་འཕྲུལ་ཆས་ཀྱི་གློག་རིན་ཧ་ཅང་མཐོ་པོ་ཡོད་པས་དགོང་མོ་མ་གཏོགས་གློག་སྤྱོད་རྒྱུ་མེད། ངའི་ཁྱིམ་དུ་ཕྱེ་འཐག་འཕྲུལ་འཁོར་ཞིག་དང་གཟན་ཆག་ལས་སྣོན་འཕྲུལ་ཆས་ཤིག་ཡོད། གློག་བརྟན་པོ་མེད་སྟབས་བེད་སྤྱོད་བྱེད་ཐབས་བྲལ་བས་ནང་དུ་བཞག་ཡོད། ད་ཆ་གློག་དྲ་ཆེན་པོ་ཤར་གཏོང་ཐུབ་པས་ངས་བལ་ཤད་འཕྲུལ་འཁོར་དང་ཕྱེ་འཐག་འཕྲུལ་འཁོར་སོགས་སྒྲིག་ཆས་གསབ་སྣོན་བྱས་ཏེ་ཁང་པ་ཆུང་བའི་ནང་འཇོག་མི་ཐུབ་པས་ད་དུང་བཟོ་ཁང་གསར་པ་ཞིག་བསྐྲུན་ནས་ལས་ཀ་ཆེན་པོ་ཞིག་བྱེད་རྩིས་ཡོད”ཅེས་ལྷུན་རྩེ་རྫོང་རི་ཐང་གྲོང་རྡལ་སྐྱ་ལོག་གྲོང་ཚོའི་གྲོང་མི་བཀྲ་ཤིས་དཔལ་འབྱོར་གྱིས་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་བཤད། ད་ཆ་བོད་དུ་བཀྲ་ཤིས་དཔལ་འབྱོར་དང་འདྲ་བར་རྒྱལ་ཁབ་གློག་དྲ་སྔར་བས་འཕེལ་རྒྱས་ཕྱིན་སྟབས་མི་མང་པོ་ཞིག་གིས་གློག་སྤྱོད་དཀའ་བའི་ཐད་སེམས་ཁྲལ་མི་བྱེད་པར་འདང་ངེས་དང་སྟབས་བདེ་བའི་གློག་ཤུགས་ཀྱིས་གངས་ལྗོངས་ཀྱི་ཁྱིམ་ཚང་ཁྲི་སྟོང་མང་པོར་ཕན་པ་འདོགས་བཞིན་ཡོད་པ་རེད།

    གློག་ཤུགས་ཁྱབ་ཁོངས་ཙམ་མ་ཟད་རྒྱལ་ཁབ་ཀྱི་དཔལ་འབྱོར་འཛུགས་སྐྲུན་གྱི་རྐང་འཛིན་པ་དང་གཙོ་ཤུགས་དམག་ཡིན་པའི་ཀྲུང་དབྱང་ཁེ་ལས་ཀྱིས་གཅིག་མཇུག་གཉིས་མཐུད་ངང་བོད་ལ་དོ་ཁུར་དང་། བརྩི་མཐོང་། གཞིས་ཆགས་བཅས་བྱས་པས་རང་ལྗོངས་ཀྱི་དམངས་ཕྱུག་བོད་དར་གྱི་སྒུལ་བྱེད་འཕྲུལ་འཁོར་གསར་པར་གྱུར་ཡོད། བོད་སྡོད་སྒྲིག་གཞི་མགྱོགས་མྱུར་འཕར་བ་དང་། ཀ་རྟེན་ཐོན་ལས་རྒྱུན་ཆད་མེད་པར་སྟོབས་ཆེར་སོང་བ། ཁེ་ལས་ཀྱི་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ་བཅས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཡོད་པ་རེད།

    2018ལོའི་ཟླ་6པའི་ཟླ་མཇུག་བར། “ཀྲུང་དབྱང་ཁེ་ལས་ཀྱིས་དམངས་ཕྱུག་བོད་དར་ལ་རམ་འདེགས་བྱེད་པའི་ལས་དོན”གྱིས་འཛུགས་སྐྲུན་རྣམ་གྲངས་58དང་། སྐྲུན་བཞིན་པའི་རྣམ་གྲངས་70 དུས་འགོའི་ལས་དོན་གྱི་རྣམ་གྲངས་195བཅས་ལེགས་སྒྲུབ་ཟིན་པ་བཅས་ལ་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་1315.93བཏང་བ་དང་། མཉམ་ལས་རྣམ་གྲངས་64ལ་གསར་དུ་མིང་རྟགས་བཀོད་པར་མ་དངུལ་སྒོར་དུང་ཕྱུར་372.13མང་དུ་ཕྱིན་ཡོད་པ་རེད།

    2018ལོའི་ཟླ་7པའི་ཟླ་མཇུག་བར་བོད་སྡོད་ཀྲུང་དབྱང་ཁེ་ལས་ཀྱིས་སྐྱེ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་750ལྷག་ཙམ་བསྡུ་ལེན་བྱས་ནས་ཞིང་འབྲོག་ལས་མིའི་ལས་ཞུགས་ལས་གནས་11535ཐག་གཅོད་བྱས་པ་རེད།

    སྒུལ་བྱེད་འཕྲུལ་འཁོར་གསར་པར་བརྟེན་ནས་བོད་དར་རྒྱས་གཏོང་བའི་བྱ་གཞག་རླབས་ཆེན་ལ་རམ་འདེགས་བྱེད་པ།

    དུས་ཡུན་རིང་པོར་རྒྱལ་ཁབ་ཀྱིས་ཀྲུང་དབྱང་ཁེ་ལས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ལ་ཞུགས་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བས་ཀྲུང་དབྱང་ཁེ་ལས་དེ་དག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མེད་དུ་མི་རུང་བའི་སྒུལ་བྱེད་འཕྲུལ་འཁོར་གསར་པར་གྱུར་ཡོད།

    མིག་སྔར་བོད་ལྗོངས་གློག་ཤུགས་དང་། སྣུམ་རླངས། འཕྲིན་གཏོང་། མཁའ་འགྲུལ་སོགས་ཀྱི་རྨང་གཞིའི་སྤྱི་པའི་ཞབས་ཞུའི་ལས་རིགས་ནས་ཀྲུང་དབྱང་ཁེ་ལས་ཀྱིས་བསྡུར་ཚད་ཧ་ཅང་ཆེན་པོ་བཟུང་བ་དང་། འབྲེལ་ཡོད་ཀྲུང་དབྱང་ཁེ་ལས་ཀྱིས་མ་དངུལ་གྱི་རྒྱབ་སྐྱོར་དང་ལག་རྩལ་གྱི་རོགས་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་ཁྲོན་བོད་དང་མཚོ་བོད་གློག་ཤུགས་དྲ་སྦྲེལ་དང་ལྷ་གཞིས་ལྕགས་ལམ་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ལས་གྲྭ་གལ་ཆེན་འབོར་ཆེན་ཞིག་བསྐྲུན་པས་རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་ཡོད་པ་རེད།

    རྒྱལ་ཁབ་གློག་དྲ་ཀུང་སིས་བོད་ཀྱི་གློག་ཤུགས་ལ་མ་རྐང་ཚོད་འཛིན་དང་དོ་དམ་བྱས་པ་ནས་བཟུང་རྣམ་གྲངས་དང་། མ་དངུལ། ཤེས་ལྡན་པ། དོ་དམ། ལག་རྩལ་སོགས་ཕྱོགས་མང་པོ་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བས། བོད་ཀྱི་གློག་ཤུགས་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་དང་། རིམ་རྩིས་བྱས་ན་སྒོར་དུང་ཕྱུར་400ཙམ་བཏང་བའི་མཚོ་བོད་དང་ཁྲོན་བོད་གློག་ཤུགས“མཁའ་ལམ”གཉིས་སྔ་སྣུར་དུ་བསྐྲུན་ཟིན་པ་རེད།

    ཀྲུང་གོ་འགྲིམ་འགྲུལ་ཚོགས་པ་རང་ལྗོངས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཧུར་ཐག་ཞུགས་ནས་སྔ་རྗེས་སུ་རྔ་ཆེན་ཟམ་ཆེན་དང་། རྩེད་ཐང་ཟམ་ཆེན། ལྷ་ཉིང་རིམ་མཐོའི་གཞུང་ལམ་སོགས་གཙོ་གནད་ལས་གྲྭ་བསྟུན་ནས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་གྱི་ལམ་བུ་དང་། འབྱོར་ཕྱུག་གི་ལམ་བུ། བདེ་སྐྱིད་ཀྱི་ལམ་བུ་བཅས་རེ་རེ་བཞིན་བསྐྲུན་ཡོད།

    ཀྲུང་གོ་ལྕགས་ལམ་བཟོ་སྐྲུན་སྤྱི་ཁྱབ་ཀུང་སིས་ལོ་20ལྷག་ཙམ་རིང་ལྕགས་ལམ་ཁག་3དང་གཞུང་ལམ་སྤྱི་ལེ་1500ལྷག་ཙམ་གྱི་འཛུགས་སྐྲུན་ལ་ཞུགས་པ་དང་། ཀྲུང་གོ་ལྕགས་ལམ་བཟོ་སྐྲུན་སྤྱི་ཁྱབ་ཀུང་སིའི་ལས་མིས་ཆ་སྙོམས་ཟླ་རེར་སྤྱི་ལེ་6ཟིན་པའི་སྤུས་ཚད་མཐོ་བའི་གཞུང་ལམ་སྐྲུན་གྱི་ཡོད།

    ཀྲུང་དབྱང་ཁེ་ལས་ཀྱིས་རང་ལྗོངས་ལ་རྒྱབ་སྐྱོར་ཤུགས་ཆེན་དང་སྒེར་སེམས་མེད་པའི་རོགས་སྐྱོར་བྱས་པ་ལས། ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁྲི་འཁུར་སེམས་དང་མི་རིགས་ཁག་གི་མི་དམངས་ལ་བརྩེ་སེམས་ཟབ་མོ་འཆང་ལུགས་མཚོན་པས། རང་ལྗོངས་ཀྱི་འཇུར་མིག་གི་ཚོད་འཛིན་སེལ་བ་དང་། དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་མགྱོགས་མྱུར་བསྒྱུར་བ། འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

    ལས་སྟེགས་བཟང་པོར་བརྟེན་ནས་མཉམ་འདྲེས་གཉིས་ཕན་ལ་སྐུལ་འདེད་གཏོང་བ།

    “ཀྲུང་དབྱང་ཁེ་ལས་སུ་གནས་སྦྱར་སྦྱོང་བརྡར་བྱེད་པ་ནི་རང་སྐྱོང་ལྗོངས་ཀྱི་ཤེས་ལྡན་པར་བརྟེན་ནས་ཁེ་ལས་སྟོབས་ཆེར་གཏོང་བའི་འཐབ་ཇུས་དོན་འཁྱོལ་གྱི་བྱེད་ཐབས་ནུས་ལྡན་ཞིག་ཡིན་པས། བོད་ཀྱི་ཁེ་ལས་དང་ཀྲུང་དབྱང་ཁེ་ལས་ཀྱི་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་བཏང་ཡོད”ཅེས་དེ་སྔ་ཀྲུང་གོའི་ཁྲེང་ཐུང་ཚོགས་པའི་མ་འཇོག་གཉེར་སྐྱོང་ལྟེ་གནས་སུ་གནས་སྦྱར་སྦྱོང་བརྡར་བྱེད་མྱོང་བའི་བོད་ཀྱི་གཞུང་ཁོངས་རྒྱུ་ནོར་གཉེར་སྐྱོང་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་དབང་འདུས་ཀྱིས་བཤད་པ་དང་། བོད་ཀྱི་རང་སྐྱོང་ལྗོངས་ཀྱི་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་མཐོ་རིམ་གཉེར་སྐྱོང་དོ་དམ་པ་ཀྲུང་དབྱང་ཁེ་ལས་སུ་བསྐྱོད་ནས་གནས་སྦྱར་སྦྱོང་བརྡར་བྱས་པ་རིམ་རྩིས་བྱས་ན་ཁག་ཐེངས་6དང་མི་40ལྷག་ཙམ་ཟིན་ཡོད། གནས་སྦྱར་སྦྱོང་བརྡར་བྱས་པ་བརྒྱུད་བོད་ལ་དེང་རབས་ཅན་གྱི་དོ་དམ་དང་ཆེད་ལས་ལག་རྩལ་ཤེས་ལྡན་པའི་དཔུང་ཁག་ཁག་གཅིག་གསོ་སྐྱོང་བྱས་ཡོད།

    དེ་བས་ལེགས་པའི་སྒོ་ནས“ཕྱོགས་གཉིས་ཀྱི་མཉམ་འདྲེས”དང“ཕྱོགས་གཉིས་ཀྱི་ཕན་པ”མངོན་འགྱུར་ཡོང་བའི་འགག་རྩ་ནི་ཀྲུང་དབྱང་ཁེ་ལས་ཀྱིས་བོད་དུ་འཕེལ་རྒྱས་གཏོང་བའི་ལས་སྟེགས་འདིར་གཞི་བཙུགས་ཏེ་ས་གནས་དེ་གའི“ཉ་སྟེར་བ་ལས་ཉ་འཛིན་སྟངས་སློབ་པ་དགའ་བའི་ཤེས་ལྡན་པ་གསོ་སྐྱོང་བྱེད་ཐབས་སྤྱད་དེ་ཐབས་བརྒྱ་ཇུས་སྟོང་ངང་ལས་ཞུགས་དོན་གཉེར”བྱས་ཡོད་པ་རེད།

    འགག་གསུམ་ཚོགས་པ་བོད་ལྗོངས་ཀུང་སིས་འགག་གསུམ་སློབ་ཆེན་ལ་བོད་ནས་ལོ་འདི་གའི་མཐོ་འབྲིང་སློབ་ཐོན་སློབ་མ་ཁག་བགོས་ནས་བསྡུ་རྒྱུའི་མངགས་བཅོལ་བྱས་ཏེ“བོད་ལྗོངས་འཛིན་གྲྭ”བཙུགས་ཏེ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་གསོ་སྐྱོང་བྱས་ཤིང་། མིག་སྔའི་བར་ལོ་འདི་གའི་མཐོ་འབྲིང་སློབ་ཐོན་སློབ་མ་108བསྡུས་ཏེ་གསོ་སྐྱོང་འགྲོ་གྲོན་གཏོང་ཚད་སྒོར་ཁྲི་1039ཟིན་ཡོད། ཀུང་སི་དེའི་འགན་འཁུར་བས“ཁོང་ཚོ་སློབ་གྲྭ་ཐོན་རྗེས་བོད་ཀྱི་གནས་བབ་ལ་རྒྱུས་མངའ་ཡོད་པའི་བྱང་ཚད་མཐོ་བའི་ཤེས་ལྡན་པ་ཤ་སྟག་ཡིན་པས་ཚོགས་པ་བོད་དུ་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་བྱེད་པ་དང་ས་གནས་དེ་གའི་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་རེད”ཅེས་བཤད།

    བསྡོམས་རྩིས་བྱས་པར་གཞིགས་ན། 2017ལོར་བོད་སྡོད་ཀྲུང་དབྱང་ཁེ་ལས་ཀྱིས་སྐྱེ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་2000ལྷག་ཙམ་བསྡུས་ཏེ་ཞིང་འབྲོག་ལས་མི་ཁྲི་2ལྷག་ཙམ་ལ་ལས་ཞུགས་ལས་གནས་ཐག་གཅོད་བྱས་ཡོད་པ་རེད།

    དབུལ་སྒྲོལ་ལ་ཀྲུང་དབྱང་ཁེ་ལས་ཀྱིས་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བ།

    2018ལོར་རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་ཁེ་ལས་དང་འབྲེལ་གཏུག་མཐུན་སྦྱོར་ཧུར་ཐག་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་ཕྱར་བ་གྲུ་འདེགས་ཀྱི་སྒོ་ནས་སྐུལ་འདེད་བཏང་བ་སྟེ།

    ལྷ་ས་གྲོང་ཁྱེར་གྱིས་གྲོང་ཚོ་དང་ཁེ་ལས་ཆ་སྒྲིག་སོགས་ཀྱི“ལག་གདང་སྦྲེལ་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི”བྱ་སྤྱོད་ཁྱབ་གདལ་བཏང་སྟེ་ལྷ་སར་ཡོད་པའི་ཀྲུང་དབྱང་ཁེ་ལས་12ཀྱིས་ལྷ་ས་གྲོང་ཁྱེར་དང་ཆ་སྒྲིག་རྣམ་གྲངས་49ལ་མིང་རྟགས་འགོད་པར་མཐུན་སྦྱོར་བྱས་ནས་རྣམ་གྲངས་15ལེགས་གྲུབ་ཟིན་ཏེ་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་1800རྣམ་གྲངས་འཛུགས་སྐྲུན་ལ་བསྡུས་པས་མི་རེར་ཆ་སྙོམས་ཟླ་རེར་གླ་ཆ་སྒོར་3400ཡོད་པ་རེད།

    ཆབ་མདོ་གྲོང་ཁྱེར་གྱིས་ལམ་འགྲོའི་གློག་ཁང་གི་རྣམ་གྲངས་སྐྲུན་རིང་ས་ཁུལ་དབུལ་པོའི་ཆུ་གློག་ཐོན་ཁུངས་གསར་སྤེལ་གྱི་རྒྱུ་ནོར་ཕན་འབྲས་དབུལ་སྐྱོར་སྒྱུར་བཅོས་ཚོད་ལྟ་ཧུར་ཐག་བྱས་ནས། “ཐོན་ཁུངས་རྐང་དབང་ལ་སྒྱུར་བ་དང་། མ་དངུལ་རྐང་དངུལ་ལ་སྒྱུར་བ། ཞིང་འབྲོག་པ་རྐང་འཛིན་ཉོ་མིར་སྒྱུར་བའི”རྒྱུ་ནོར་ཕན་འབྲས་ཀྱི་དབུལ་སྐྱོར་བྱེད་སྟངས་འཚོལ་ཞིབ་བྱས་ཤིང་། སྔོན་དཔག་ལྟར་ན་རྣམ་གྲངས་བསྐྲུན་རྗེས་དུད་ཚང་86གི་མང་ཚོགས་དབུལ་པོ་271དབུལ་སྒྲོལ་ཕྱུག་འགྱུར་ཐུབ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།