[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཀྲུང་དབྱང་ཁེ་ལས་ཀྱིས་བོད་དུ་ཐོན་ཁུངས་གསར་སྤེལ་དང་ས་གནས་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཐག་གཅོད་བྱེད་པའི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས།

    ——“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་རྒྱུ་རྩ་བའི་བྱེད་ཐབས་སུ་བྱས་ནས་རང་ལྗོངས་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་གླེང་ཐེངས་དྲུག་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།     |    སྤེལ་དུས།   2018-08-24

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དབུལ་སྐྱོར་གསར་སྤེལ་ནི་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་འགན་འཁྲི་ཞིག་ཡིན་པས་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་རྒྱ་ཁྱབ་ངང་ཞུགས་རྒྱུ་སྐུལ་སློང་དང་གཅིག་སྡུད་བྱེད་དགོས”“གཞུང་ཁོངས་ཁེ་ལས་ཀྱིས་དབུལ་སྐྱོར་གསར་སྤེལ་གྱི་ལས་འགན་མང་ཙམ་འཁུར་དགོས”ཞེས་བསྟན་ཡོད།

    མི་སེར་གྱི་དངུལ་ཁུག་ལྗིད་ཏིག་ཏིག་ཏུ་འགྱུར་ཐུབ་མིན་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱ་རྒྱུ་དང་འབྲེལ་བ་ཡོད། རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཆེ་བའི་ཁུལ་འབའ་ཞིག་ཡིན་པའི་བོད་ཀྱི་དབུལ་པོའི་གཞི་ཁྱོན་ཆེ་བ་དང་། དབུལ་པོའི་གཏིང་ཚད་ཟབ་པ། དབུལ་པོ་བསྐྱར་ལོག་གི་གནས་ཚུལ་ཡོངས་ཁྱབ། བལྟོས་བཅས་ཀྱི་དབུལ་པོ་མངོན་གསལ་དོད་པ་སོགས་ཀྱི་གནད་དོན་ཧ་ཅང་མངོན་གསལ་དོད་པོ་ཡོད། དེ་དང་ཆབས་ཅིག་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤྱིའི་ཆུ་ཚད་དམའ་བ་དང་། ནང་གནས་ཀྱི་འཕར་ཤུགས་མི་འདང་བ། མ་འཇོག་གི་ཕན་འབྲས་མཐོ་པོ་མེད་པ། ཐོན་ལས་འདེགས་སྐྱོར་གྱི་ནུས་པ་ཞན་པ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྗེས་ལུས། གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་མི་འདང་བ། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་དོག་པ་དང་དཀའ་ཚེགས་ཆེ་བ་བཅས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ཧ་ཅང་དཀའ་ཚེགས་ཆེན་པོ་ཡོད། 

    དམངས་འཚོའི་ཞན་ཆ་གསབ་ནས། གཅིག་སྡུད་ཡུག་སྦྲེལ་གྱི་དབུལ་པོ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དབར་གྱི་འགལ་ཟླ་ཐག་གཅོད་ལ་ཤུགས་སྣོན་བརྒྱབ་སྟེ་ཞིང་འབྲོག་མང་ཚོགས་ཀྱི་ཐོབ་ཚོར་ཆེ་རུ་ཇི་ལྟར་གཏོང་དགོས་སམ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ“ཀྲུང་དབྱང་ཁེ་ལས་ལ་བོད་དུ་ཐོན་ཁུངས་གསར་སྤེལ་དང་ས་གནས་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཐག་གཅོད་བྱེད་པའི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས་པ”བཏོན་ཡོད། དེའི་དམིགས་ཡུལ་ནི་ཀྲུང་དབྱང་ཁེ་ལས་ཀྱི“རྒྱལ་ཁབ་རུ་ཁག”གི་ལས་རིགས་ལེགས་ཆར་བརྟེན་ནས་རོགས་སྐྱོར་བྱེད་ཐབས་གསར་གཏོད་བྱས་ཏེ་དེ་བས་ལེགས་པའི་སྒོ་ནས་མི་དམངས་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་དེ་རེད།

    རྒྱལ་དམངས་དཔལ་འབྱོར་གྱི་ཀ་རྟེན་ལྟ་བུའི་ཐོན་ལས་ཀྲུང་དབྱང་ཁེ་ལས་ལ་མ་རྩ་དང་། ཤེས་ལྡན་མི་སྣ། ལག་རྩལ། ཁྲོམ་ར་བཅས་ཀྱི་ལེགས་ཆ་ཆེན་པོ་ལྡན་ཡོད། རྣམ་གྲངས་འཛུགས་སྐྲུན་དང་ཤེས་ལྡན་མི་སྣའི་བོད་སྐྱོར་ནས་ཐོན་ལས་རོགས་སྐྱོར་དང་ངལ་ནུས་གསོ་སྦྱོང་བར་དང་། “ཀྲུང་དབྱང་ཁེ་ལས་ཀྱིས་དམངས་ཕྱུག་བོད་དར་ལ་རོགས་རམ་བྱེད་པ”ནས“ཀྲུང་དབྱང་ཁེ་ལས་ཀྱིས་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་རོགས་རམ”བྱེད་པའི་བར་ཀྲུང་དབྱང་ཁེ་ལས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དབུལ་སྒྲོལ་འགག་སྒྲོལ་གྱི་མེད་ཐབས་མེད་པའི་སྟོབས་ཤུགས་གལ་ཆེན་དུ་གྱུར་ཡོད། ན་ནིང་གི་ལོ་མཇུག་བར་ཀྲུང་དབྱང་ཁེ་ལས་ཀྱིས་བཙུགས་པའི་རིམ་པ་དང་པོའི་བོད་སྡོད་སྒྲིག་གཞི་117གྱིས་རང་ལྗོངས་སུ་ལས་ཞུགས་ལས་གནས་8397ཐག་གཅོད་བྱས་པ་དང་མི་རེར་ཟླ་རེར་ཆ་སྙོམས་འབབ་འཕར་སྒོར་3000བྱུང་ཡོད།

    ཀྲུང་དབྱང་ཁེ་ལས་ཀྱིས་བོད་དུ་ཐོན་ཁུངས་གསར་སྤེལ་དང་ས་གནས་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཐག་གཅོད་བྱེད་པའི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས་ན། “ཕྱོགས་གཉིས་ཀྱི་མཉམ་འདྲེས”ལ་དམིགས་དགོས། ཕྱོགས་གཅིག་ནས་ཀྲུང་དབྱང་ཁེ་ལས་བོད་དང་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་བཏང་སྟེ་དེ་བས་ལེགས་པའི་སྒོ་ནས་ཆབ་སྲིད་ཀྱི་འགན་འཁྲི་དང་སྤྱི་ཚོགས་ཀྱི་འགན་འཁྲི་བསྒྲུབས་ནས་རྣམ་གྲངས་གདམ་ག་དང་། ཐོན་ལས་ཁྱབ་ཚུལ། སྲིད་ཇུས་ཁྲིད་སྟོན། ཁེ་ལས་ཀྱིས་མ་དངུལ་འཇོག་པ་བཅས་ཀྱི་ཐད་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་བར་བྱེད་པའི་རྩ་བའི་དམིགས་ཚད་འདིར་གཞིགས་ཏེ་ཀྲུང་དབྱང་ཁེ་ལས་ཀྱིས་བོད་དུ་ཐོན་ཁུངས་གསར་སྤེལ་བྱེད་རིང་མང་ཚོགས་ལས་ཞུགས་ཐུབ་པ་དང་འབབ་འཕར་ཡོང་བར་བྱེད་དགོས། ཅིག་ཤོས་ནས་ཞིང་འབྲོག་མང་ཚོགས་ཀྲུང་དབྱང་ཁེ་ལས་སུ་མཉམ་འདྲེས་ཐུབ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་ཀྲུང་དབྱང་ཁེ་ལས་ཀྱིས་བོད་དུ་ཐོན་ཁུངས་གསར་སྤེལ་བྱེད་རིང་བདག་པོའི་འདུ་ཤེས་ཟབ་ཏུ་བཏང་སྟེ་ཁེ་ལས་དང་སྐྱིད་སྡུག་མཉམ་མྱོང་གིས་ཁེ་ལས་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་དགོས།

    ཀྲུང་དབྱང་ཁེ་ལས་ཀྱིས་བོད་དུ་ཐོན་ཁུངས་གསར་སྤེལ་དང་ས་གནས་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཐག་གཅོད་བྱེད་པའི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས་ན། “ཕྱོགས་གཉིས་ཀྱི་ཕན་པ”ལ་ཤུགས་སྣོན་རྒྱག་དགོས། ཞབས་་འདེགས་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་། ལྷན་སྦྱར་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། རང་འགུལ་ཞབས་འདེགས་དང་། སྔོན་ཚུད་ཞབས་འདེགས། གནད་སྨིན་ཞབས་འདེགས་བཅས་ལ་བརྟེན་ནས་རང་སྐྱོང་ལྗོངས་ཀྱི་ཚོང་འགུགས་མ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་གྱིས་ཀྲུང་དབྱང་ཁེ་ལས་ཀྱིས་བོད་དུ་མ་དངུལ་བཏང་ནས་ལས་གཉེར་བྱེད་པར་ཐོགས་མེད་ལམ་བུ་དང་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་གཏོད་དགོས། འབྲེལ་མཐུད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཀྲུང་དབྱང་ཁེ་ལས་ཀྱི་མ་དངུལ་དང་། ཤེས་ལྡན་མི་སྣ། ལག་རྩལ། དོ་དམ། ཁྲོམ་ར། ཆ་འཕྲིན་སོགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་ཐོན་ལས་ཀྱི་འདེགས་སྐྱོར་མཁོ་འདོན་བྱེད་དགོས།

    “ཕྱོགས་གཉིས་ཀྱི་མཉམ་འདྲེས”དང“ཕྱོགས་གཉིས་ཀྱི་ཕན་པ”མངོན་འགྱུར་ཡོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས་ན་རང་སྐྱོང་ལྗོངས་དང་ཀྲུང་དབྱང་ཁེ་ལས་དབར་གཞོགས་འདེགས་དམ་ཟབ་དང་འབྲེལ་མཐུད་ཚགས་ཚུད་བྱེད་དགོས་ལ། ཞིང་འབྲོག་མང་ཚོགས་ཀྱི་ལས་རིགས་ཀྱི་བྱང་ཚད་མཐོ་རུ་དང་ལས་ཞུགས་འཇོན་ཐང་ཆེ་རུ་ཡང་གཏོང་དགོས། ཁ་ཕྱོགས་གཏན་འཁེལ་གྱི་གསོ་སྦྱོང་ལས་ཞུགས་ལམ་སྲོལ་བཙུགས་ཏེ་ལས་ཞུགས་ལས་གནས་ཀྱི་དགོས་མཁོ་དང་འབྲེལ་མཐུད་བྱས་ཏེ་དམིགས་ས་ཡོད་པའི་སྒོ་ནས་ངལ་ནུས་འབྲེལ་མཐུད་མཉམ་ལས་དང་རྩལ་ནུས་གསོ་སྐྱོང་བྱས་ཏེ་ཞིང་འབྲོག་ཁུལ་གྱི་ལས་ཞུགས་གཞན་སྒྱུར་གྱི་ངལ་རྩོལ་བ་ཀྲུང་དབྱང་ཁེ་ལས་ཀྱིས་བོད་འཕེལ་རྒྱས་གཏོང་བའི་དགོས་མཁོ་དང་འཚམ་པའི་བྱང་ཚད་མཐོ་བའི་རྩལ་ནུས་ངལ་རྩོལ་བར་གསོ་སྐྱོང་བྱེད་དགོས། སྣོད་བཅུད་སླར་གསོའི་རྣམ་གྲངས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས་ཞིང་ནགས་ལག་རྩལ་ཁྱབ་གདལ་དང་གསོ་སྦྱོང་བྱེད་པ་དང་། ཁྱད་ལྡན་སྐྱེ་དངོས་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་དགོས་པ་མ་ཟད། ས་གནས་དབུལ་སྐྱོར་དང་སྣོད་བཅུད་འཛུགས་སྐྱོང་ཟུང་འབྲེལ་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་དང་ས་གནས་ཀྱི་སྣོད་བཅུད་སླར་གསོར་སྣེ་ཁྲིད་བྱེད་དགོས། ས་གནས་ཀྱི་ལས་མི་སྤྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ་ས་གནས་ཀྱི་མང་ཚོགས་ལས་གྲྭའི་འཛུགས་སྐྲུན་ལ་ཞུགས་ཐུབ་པར་བྱས་ནས་ཞིང་འབྲོག་མང་ཚོགས་རྣམས་ལས་ཀ་བྱེད་རིང་སློབ་སྦྱོང་དང་ལས་ཀ་བྱེད་རིང་སྦྱོང་བརྡར་ཐུབ་ནས་རྒྱུན་ཆད་མེད་པར་དབུལ་སྒྲོལ་ཕྱུག་འགྱུར་གྱི་འཇོན་ཐང་ངོ་མ་སྦྱོང་ཐུབ་པར་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།