[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཆེ་དགྲ་ལྷས་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་དང་པོར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-09

    ཚེས་6ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་དང་པོར་ཕེབས་ནས་བརྟག་ཞིབ་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲེ་མོའུ་ཅུན་མཉམ་དུ་ཕེབས་ཡོད་པ་རེད།

    ཚལ་སྣ་ཤང་དུ་གནས་པའི་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་དང་པོ་ནི་ལྷ་ས་ས་གཙང་བདེ་ཐང་ཐོན་ལས་དཔེ་སྟོན་གླིང་གི་འགྲམ་དུ་ཡོད་པ་དང་གཙོ་བོ“ཞིང་ནགས་འབྲོག་གསུམ”ལ་དམིགས་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དང་གསར་དུ་སྤོས་ནས་སྐྲུན་པའི་སློབ་གྲྭ་དེ་འདི་ལོའི་སྟོན་དུས་སུ་དངོས་སུ་སྤྱོད་རྒྱུ་ཡིན་པ་རེད། ཆེ་དགྲ་ལྷ་དང་བཅས་པས་སྔ་རྗེས་སུ་སློབ་ཁྲིད་ཐོག་བརྩེགས་ཁང་ཆེན་དང་ཉལ་ཁང་དང་ཟ་ཁང་ལ་གཟིགས་ཞིབ་གནང་བ་དང་འབྲེལ་དགེ་རྒན་བཀོད་སྒྲིག་དང་། ཆེད་ལས་བཀོད་སྒྲིག སློབ་གྲྭ་དང་ཁེ་ལས་མཉམ་ལས། སློབ་ཁྲིད་དངོས་སྦྱོང་། ལས་ཞུགས་ལས་གཏོད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་ལས་རིགས་སློབ་གསོ་ནི་རྒྱལ་དམངས་སློབ་གསོའི་མ་ལག་དང་མི་ཤུགས་ཐོན་ཁུངས་གསར་སྤེལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ལས་རིགས་སློབ་གསོ་འཕེལ་རྒྱས་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཞིག་ཡིན་པ་མ་ཟད་ཡུན་རིང་གི་འཆར་གཞི་ཞིག་ཀྱང་རེད། ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་དང་པོས“ཞིང་ནགས་འབྲོག་གསུམ”གྱི་བརྗོད་བྱ་ཆེན་པོ་དེར་དམིགས་ནས་བོད་སྐྱོར་གྱི་ལེགས་ཆ་གང་ལེགས་སྤྱོད་པ་དང་། སྔོན་ཐོན་གྱི་འདུ་ཤེས་ནང་འདྲེན་བྱེད་པ། སྔར་བས་བསམ་ཕྱོགས་གསར་གཏོད་བཅས་བྱས་ཏེ་རང་ལྗོངས་ཀྱི་ལས་རིགས་སློབ་གསོར་ལད་མོ་ཆོག་པ་དང་ཁྱབ་གདལ་གཏོང་ཆོག་པའི་བྱེད་ཐབས་དང་ཉམས་མྱོང་བཟང་པོ་འཚོལ་ཞིབ་བྱེད་དགོས་ཞེས་གསུངས་པ་རེད།

    བརྟག་ཞིབ་གནང་སྐབས་ཆེ་དགྲ་ལྷས་ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་དེ་སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པར་བྱེད་པ་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་བཙུགས་ཏེ་བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ་དང་དར་ཆ་གསལ་སྟོན་གྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་དགོས་པ་དང་། ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་དང་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུ་དམིགས་ཡུལ་དུ་བྱས་ནས་སྒྲིག་སྲོལ་ལམ་སྲོལ་གསར་གཏོད་བྱེད་པ། ཚན་རིག་དང་མཐུན་ལ་ལུགས་མཐུན་གྱི་སྒོ་ནས་སློབ་ཚན་བཀོད་སྒྲིག་བྱེད་པ། ཁེ་ལས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་རྒྱུན་རྣམ་གསར་པའི་འོག་ཐོན་སློབ་ཞིབ་གསུམ་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་མུ་མཐུད་སྐུལ་འདེད་གཏོང་དགོས་པ། སློབ་ཁྲིད་ལག་ལེན་ལ་དེ་བས་གཙིགས་ཆེན་དང་སྤྱོད་མཁོ་ཆེ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་དང་སློབ་གྲྭའི་ཉེ་འཁོར་གྱི་གླིང་ཁུལ་གྱི་ལེགས་ཆར་བརྟེན་ནས་སློབ་མ་ཐག་ཉེ་ས་དང་སྟབས་བདེ་སར་དངོས་སྦྱོང་ཐུབ་པ་བྱེད་དགོས་པ། སློབ་ཁྲིད་ལག་ལེན་གྱི་དམིགས་སའི་རང་བཞིན་དང་གོ་ཆོད་རང་བཞིན་སྔར་བས་མཐོ་རུ་བཏང་སྟེ་བྱང་ཚད་མཐོ་བའི་ངལ་རྩོལ་པའི་རྩལ་ནུས་རྣམ་པའི་ཤེས་ལྡན་མི་སྣ་གང་མགྱོགས་གསོ་སྐྱོང་བྱེད་དགོས་པ། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”ཞིག་བྱེད་པའི་བརྗོད་དོན་གཙོ་བོའི་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱ་རྒྱུ་ཁྲིད་སྟོན་དུ་བྱས་ནས་རྒྱ་ཆེའི་སློབ་མ་ཚོས་བསམ་བློ་བཅིངས་འགྲོལ་དང་། རྩལ་ནུས་སྦྱོང་རྒྱུར་སློབ་གསོ་གཏོང་བ་དང་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་རླབས་ཆེན་ལག་ལེན་ཁྲོད་ཧུར་ཐག་ཞུགས་ནས་སྤྱི་ཚོགས་དང་ཕ་ཡུལ་ལ་ལེགས་སྐྱེས་ཕུལ་ཏེ་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་པར་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    ཆེ་དགྲ་ལྷ་དང་བཅས་པས་ད་དུང་ལྷ་ས་ས་གཙང་བདེ་ཐང་ཐོན་ལས་དཔེ་སྟོན་གླིང་དུ་བརྟག་ཞིབ་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།