[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཏང་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་དང་ལེགས་སུ་གཏོང་དགོས།

    —— ལྗོངས་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་སྐོར་གྱི་གླེང་ཐེངས་གསུམ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2018-08-08

    ལྗོངས་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་ཐོག་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་དགོངས་པ་དང་རྒྱལ་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱ་རྒྱུ་དང་ཏང་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུར་ཕུགས་དང་འབྲེལ་བའི་བཀོད་སྒྲིག་ཞིབ་ཚགས་རབ་དང་རིམ་པ་བྱས་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ནས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པའི་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ནས་ཏང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་ལ་བརྟེན་ནས་རང་ལྗོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།

    ཏང་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་དང་ལེགས་སུ་གཏོང་བར་ངེས་པར་དུ་རྩ་འཛུགས་ཀྱི་འགོ་ཁྲིད་ལ་སྔར་བས་ཤུགས་སྣོན་རྒྱག་དགོས། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལས་དོན་འབྲེལ་རྒྱ་ཆེ་བ་དང་ལས་འགན་ལྕི་བས་སྤྱི་ཚོགས་ཡོངས་ཐུན་མོང་ཐོག་ཞུགས་དགོས་མོད། འོན་ཀྱང་འགག་རྩ་དེ་ཏང་ཨུད་དང་སྲིད་གཞུང་ལ་བརྟེན་རྒྱུར་ཐུག་ཡོད་ལ་ལས་ཀའི་འགན་འཁྲི་རིམ་བཞིན་དཀྲིས་ཏེ་དོན་འཁྱོལ་གནད་སྨིན་ཡོང་བ་དང་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུར་ཡང་ཐུག་ཡོད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་དང་དེ་བཞིན་སྣོད་བཅུད་ཁོར་ཡུག་སྤུས་ཚད་ལ་སྤྱིའི་འགན་འཁུར་དགོས་པ་དང་། འགན་འཁུར་མཁན་གཙོ་བོ་ནི་འགན་འཁྲི་ཨང་དང་པོ་འཁུར་མཁན་དེ་ཡིན་པས་རང་ཉིད་ངོ་མས་ལས་ཀ་གལ་ཆེན་བཀོད་སྒྲིག་དང་། རང་ཉིད་ངོ་མས་གནད་དོན་གལ་ཆེན་ལ་དོ་ཁུར། རང་ཉིད་ངོ་མས་ལྷུ་ཚིགས་གལ་ཆེན་ལ་མཐུན་སྦྱོར། རང་ཉིད་ངོ་མས་གྱོད་གཞི་གལ་ཆེན་བསྒྲུབ་རྒྱུར་ལྟ་སྐུལ་བཅས་བྱས་ནས་ཉུང་མཐར་ཡང་དུས་ཚིགས་ཚང་མར་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཞིབ་འཇུག་ཐེངས་རེ་བྱེད་དགོས་པ་དང་། འབྲེལ་ཡོད་འགོ་ཁྲིད་གཞན་གྱིས་འགན་འཁྲིའི་ཁྱབ་ཁོངས་སུ་དེ་མཚུངས་ཀྱི་འགན་འཁྲི་འཁུར་དགོས། འབྲེལ་ཡོད་སྡེ་ཚན་གྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་ཡག་པོ་བསྒྲུབས་ནས“གནས་གཅིག་འགན་གཉིས”ཀྱི་བླང་བྱ་གཞིར་བཟུང་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས། ས་ཁུལ་དང་སྡེ་ཚན་ཁག་གིས་ལོ་ལྟར་དོན་འཁྱོལ་བྱས་ཚུལ་ལྗོངས་ཏང་ཨུད་དང་སྲིད་གཞུང་ལ་སྙན་སེང་ཞུ་དགོས། རིམ་ཁག་མི་དམངས་འཐུས་ཚོགས་དང་དེ་བཞིན་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་ལྟར་འགན་འཁྲི་བསྒྲུབ་པ་དང་སྣོད་བཅུད་ཁོར་ཡུག་གི་ཁྲིམས་འཛིན་ཞིབ་བཤེར་དང་ལས་ཀའི་ལྟ་སྐུལ་ལས་དོན་མུ་མཐུད་གཏིང་ཟབ་སྤེལ་ཏེ་ཁྲིམས་ལུགས་ཀྱི་ལག་ཆ་དང་ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རོགས་བྱེད་དགོས།

    ཏང་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་དང་ལེགས་སུ་གཏོང་བར་ངེས་པར་དུ་དཔྱད་ཞིབ་དང་འགན་འཁྲི་བདའ་འདེད་ལ་སྔར་བས་ཤུགས་སྣོན་རྒྱག་དགོས། སྣོད་བཅུད་ཁོར་ཡུག་ལ་གནོད་འཚེ་བཟོ་མཁན་འགོ་ཁྲིད་ལས་བྱེད་པ་དེ་དག་གི་འགན་འཁྲི་བདའ་འདེད་དངོས་འབྲེལ་གཏོང་བ་དང་། འགན་འཁྲི་བདའ་འདེད་གཏོང་ཕོད་པ། འགན་འཁྲི་བདའ་འདེད་ནན་པོ་གཏོང་བ་བཅས་བྱས་ཚེ། གཞི་ནས་ལམ་ལུགས་དེ“མིའི་གསོབ”དང་། “ཤོག་བུའི་སྟག” “འགྱིག་གྲུག”བཅས་སུ་འགྱུར་མི་སྲིད་ལ“བཀོད་འདོམས་དབྱུག་བརྡ”ཡིན་པའི་དཔྱད་ཞིབ་དེས་ལས་བྱེད་པས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི“ནང་གནས་སྒུལ་ཤུགས”འཕེལ་ཐུབ། འབྲེལ་ཡོད་སྡེ་ཚན་གྱིས་ཀྲུང་དབྱང་གི་སྦགས་བཙོག་འགོག་བཅོས་འགག་སྒྲོལ་དམག་འཐབ་ཀྱི་ཕན་འབྲས་དཔྱད་ཞིབ་བྱེད་ཐབས་ལ་གཞིགས་ནས་རང་ལྗོངས་ཀྱི་དཔྱད་ཞིབ་ལག་བསྟར་ཞིབ་སྲོལ་དམ་འཛིན་གྱིས་བཟོ་དགོས།

    ཆེས་ནན་པའི་དཔྱད་ཞིབ་དང་འགན་འཁྲི་བདའ་འདེད་ལག་བསྟར་བྱས་ཏེ་དཔྱད་ཞིབ་བྱས་འབྲས་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་ཕྱོགས་བསྡུས་དཔྱད་ཞིབ་གདེང་འཇོག་དང་བྱ་དགའ་ཆད་གཅོད་དང་གོ་གནས་བསྐོ་འཐེན་གྱི་གཞི་འཛིན་ས་གལ་ཆེན་དུ་བརྩི་དགོས། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་ཤུགས་མི་འདང་བ་དང་མཇུག་འབྲས་ངན་པ་ཚབས་ཆེན་བྱུང་རིགས་ལ་འགན་འཁུར་བ་གཙོ་བོ་སྐོང་འདྲི་བྱེད་དགོས་པ་མ་ཟད། ད་དུང་དེར་ལྗོངས་ཏང་ཨུད་དང་སྲིད་གཞུང་ལ་སྐྱོན་ཞིབ་གཏིང་ཟབ་བྱ་རྒྱུའི་འགན་ཡང་དཀྲི་དགོས། ལོ་འཁོར་གྱི་དཔྱད་ཞིབ་ཚད་མི་ལོན་ཚེ་ཏང་སྲིད་ཀྱི་འགན་འཁུར་བ་གཙོ་བོ་དང་འབྲེལ་ཡོད་འགོ་ཁྲིད་ཚན་ཁག་གི་ཁོངས་མི་ཕུལ་བྱུང་དང་སྔོན་ཐོན་ལ་འདེམས་མི་ཆོག སྣོད་བཅུད་ཁོར་ཡུག་ཐད་གཏོར་སྐྱོན་ཚབས་ཆེན་བཏང་བར་འགན་འཁྲི་ཡོད་པའི་ལས་བྱེད་པ་གནས་སྤོར་བེད་སྤྱོད་དམ་ཡང་ན་གོ་གནས་གལ་ཆེན་ལ་ལས་བསྒྱུར་བསྐོ་གཞག་བྱེད་མི་ཆོག

    ཏང་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་དང་ལེགས་སུ་གཏོང་བར་ངེས་པར་དུ་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་སྣང་ཆེན་བྱེད་དགོས། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལས་དོན་ཇི་ཙམ་གཏིང་ཟབ་ཏུ་འགྲོ་བ་དེ་ཙམ་གྱི་རྙོག་འཛིང་ཆེ་བ་དང་དཀའ་ངལ་ཆེ་བ་ཡོད་པས་ཁོར་ཡུག་སྲུང་སྐྱོང་དཔུང་ཁག་གི་བླང་བྱའང་དེ་བས་མཐོ་བ་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅིའི་དུས་རབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་གསུམ”གྱི་བླང་བྱ་གཞིར་བཟུང་ཚད་ལྡན་ཅན་དང་། ཚད་གཞི་ཅན། ཆེད་ལས་ཅན་བཅས་མཐའ་འཁྱོངས་ཀྱིས་ཚན་རྩལ་དང་མཐུན་པའི་འཕེལ་རྒྱས་དང་། ཁྲིམས་ལྟར་དོ་དམ། ཁྲིམས་འཛིན་ནན་པོ་བཅས་ཟུང་འབྲེལ་བྱས་ནས་ཆབ་སྲིད་བྱང་ཚད་མཐོ་བ་དང་། འཇོན་ཐང་ཆེ་བ། སྤྱོད་ཚུལ་བཟང་བ། འགན་འཁུར་ཕོད་པ་བཅས་དང་སྡུག་བསྲན་ཁྱད་པར་ཐེག་པ་དང་། དམག་འཐབ་ཁྱད་པར་འཇོན་པ། ལེགས་སྐྱེས་ཁྱད་པར་འབུལ་བ་བཅས་ཀྱི་སྣོད་བཅུད་ཁོར་ཡུག་གི་སྲུང་སྐྱོང་ལྕགས་ལྟ་སྲ་བའི་དཔུང་ཁག་ཅིག་གཏོད་དགོས། ཁོར་ཡུག་སྲུང་སྐྱོང་དཔུང་ཁག་འཛུགས་སྐྱོང་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་། ནོར་སྲིད་ཀྱི་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། མི་སྣ་དང་སྒྲིག་ཆས་བཀོད་སྒྲིག་གང་ལེགས་བྱེད་པ། ལས་སྒྲུབ་ལས་སྟེགས་གཏོད་པ་བཅས་བྱས་ཏེ་ལས་ཀ་སྒྲུབ་ཕོད་པ་དང་ལས་ཀ་སྒྲུབ་ཤེས་པའི་ལས་བྱེད་པར་རྒྱབ་སྐྱོར་དང་སྲུང་སྐྱོང་བྱེད་དགོས།

    སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དེ་ཕྱོགས་གཅིག་ནས་མི་དམངས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་དང་འབྲེལ་ཞིང་། ཕྱོགས་གཞན་ཞིག་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་འབྲེལ་ཏེ། ཏང་གི་ལས་འགན་དང་དམིགས་ཡུལ་དང་འབྲེལ་བ་ཡོད་པའི་ཆབ་སྲིད་གནད་དོན་གལ་ཆེན་ཞིག་ཡིན། རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་ཏན་ཏིག་བཏང་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་དམ་འཛིན་བྱེད་པའི་ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ཀྱི་རང་འགུལ་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སྔར་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་ཏང་གི་འགོ་ཁྲིད་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཕྱོགས་གང་སར་ཁྱབ་པ་བྱས་ཏེ་བོད་ཀྱི་སྣོད་བཅུད་ཁོར་ཡུག་སྔར་བས་མཛེས་སྡུག་ལྡན་པ་དང་། འཕེལ་རྒྱས་དང་སྤུས་ཚད་སྔར་བས་མཐོ་བ། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་སྔར་བས་ལེགས་པ་བཅས་ཡོང་བ་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།