[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • “ཚོགས་པ་བསྒྲིགས་ནས”ཁྲོམ་རར་ཞུགས། བྱང་ཐང་ལུང་པར་སྤྲོ་སྣང་ཁྱབ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-04

    ས་ཆ་དང་བྲལ་རུང་ས་ཆ་མི་ཤོར་བར་ཞིང་འབྲོག་པ་མ་རྐང་གི་བདག་པོར་གྱུར་བ་དང་། གནས་དང་བྲལ་རུང་ཕ་ཡུལ་ནས་མི་བྲལ་བར་ཞིང་འབྲོག་པ་ལས་མིར་འགྱུར་བར་བྱ་རྒྱུ་ཡིན”ཞེས་པ་ནི་དེ་སྔའི་ནག་ཆུ་གྲོང་ཁྱེར་གྱིས་ལེགས་ཆ་གཞིར་བཟུང་བཟོས་པའི་གྲོང་གསེབ་དར་རྒྱས་ཀྱི་མཛེས་སྡུག་ལྡན་པའི་འཆར་གཞི་ཞིག་རེད། ད་ཆ་ནག་ཆུ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས《གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་ནས་གྲོང་ཚོ་རིམ་པའི་ཞིང་འབྲོག་པའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》བཀྲམ་ནས་ལག་བསྟར་བྱས་པས། འཆར་གཞི་དེ་ནག་ཆུའི་རྫོང(ཆུས)དང་། ཤང(གྲོང་རྡལ) གྲོང་ཚོ(གྲོང་ལྷན)ཁག་ཏུ་རིམ་བཞིན་ལག་ལེན་བསྟར་འགོ་ཚུགས་ཡོད།

    ཡུལ་བབ་དང་བསྟུན་པ་དང“ཚོགས་པ་བསྒྲིགས་ནས”འཕེལ་རྒྱས་བཏང་བ།

    ད་ཕན་ལོ་ཤས་རིང་། ནག་ཆུ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་རྫོང(ཆུས)དང་། ཤང(གྲོང་རྡལ) གྲོང་ཚོ(གྲོང་ལྷན)བཅས་ཁག་གིས་ཡུལ་བབ་དང་བསྟུན་ནས“གྲོང་ཚོ་གཅིག་གིས་མཉམ་ལས་ཁང་གཅིག་འཛུགས་པ”དང་། “གྲོང་ཚོ་མང་པོས་མཉམ་ལས་ཁང་གཅིག་འཛུགས་པ” “མཉམ་ལས་ཁང་མང་པོས་གྲོང་ཚོ་གཅིག་ལ་སྣེ་ཁྲིད་བྱེད་པ”སོགས་ཀྱི་བྱ་ཐབས་སྤྱད་དེ་གྲོང་ཚོ་རིམ་པའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཧུར་ཐག་འཛུགས་རྒྱུའི་སྐུལ་ལྕག་བྱས་ཡོད།

    ནག་ཆུ་གྲོང་ཨུད་ཀྱི་ཧྲུའུ་ཅི་སངས་རྒྱས་བཀྲ་ཤིས་ཀྱིས་ནག་ཆུ་གྲོང་ཁྱེར་གྱིས་ཁྲོམ་ར་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ས་གནས་དེ་གའི་གཙོ་ཁྲིད་ཐོན་ལས་དང་ལེགས་ལྡན་ཐོན་རྫས་ལ་གཞིགས་པ་དང་། མང་ཚོགས་ཀྱིས་ཅི་ཞིག་སྒྲུབ་ཐུབ་པ་དང་ཅི་ཞིག་སྒྲུབ་ཤེས་པར་བསམ་གཞིག་གང་ལེགས་བྱེད་པ། ཡུལ་བབ་དང་བསྟུན་ནས་གྲོང་ཚོ་རིམ་པའི་ཞིང་འབྲོག་པའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་ད་ལྟ་འབབ་འཕར་ཡོང་བ་དང་ཡུན་རིང་ཕན་འབྲས་ཐོན་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་གསར་འགོད་པར་བརྗོད་ཀྱི་འདུག

    གྲོང་ཚོ་རིམ་པའི་ཞིང་འབྲོག་པའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་འཛུགས་སྐྱོང་ཤུགས་ཆེན་བྱེད་པའི་རྨང་གཞིའི་ཐོག ནག་ཆུ་གྲོང་ཁྱེར་གྱིས“ཀུང་སི་དང་། དཔལ་འབྱོར་མཉམ་ལས་རྩ་འཛུགས། ཞིང་འབྲོག་དུད་ཚང་བཅས་ཟུང་དུ་འབྲེལ་བ”དང་། “ཀུང་སི་དང་། དཔལ་འབྱོར་མཉམ་ལས་རྩ་འཛུགས། ཁྱིམ་ཚང་ཞིང་ར(ཕྱུག་འགྱུར་འཇོན་ཐང་ཅན) འབྲོག་དུད་བཅས་ཟུང་དུ་འབྲེལ་བ”སོགས་ཀྱི་འཕེལ་རྒྱས་ཀྱི་བྱ་ཐབས་དང་རྒྱུན་ཆད་མེད་པར་དེའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་། སྣ་མང་གཉེར་སྐྱོང་གི་སྒྲིག་གཞི་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བ་དང་། ཕན་ཚུན་གཞོགས་འདེགས་དང་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་ཧུར་ཐག་ཆགས་པར་བྱེད་པ། འབྲོག་ལས་ཐོན་སྐྱེད་གཉེར་སྐྱོང་བྱེད་པའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་གྲོང་ཁྱེར་དང་། རྫོང་། ཤང་བཅས་རིམ་པ་གསུམ་གྱི་འབྲོག་ལས་ཐོན་ལས་ཅན་གཉེར་སྐྱོང་ལས་སྟེགས་ལ་བརྟེན་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ་བཅས་བྱས་ནས། ཐོན་སྐྱེད་སྒྲིག་བཀོད་དང་། ཐོན་སྐྱེད་ལས་འགན། ལག་རྩལ་དོ་དམ། ཐོན་ཁུངས་བེད་སྤྱོད། ཁྲོམ་ར་རྒྱ་སྐྱེད་བཅས་ལ་སྦྲེལ་མཐུད་ཧུར་ཐག་བྱས་ཡོད།

    སྒྲིག་སྲོལ་དང་ལམ་ལུགས་བཙུགས་ནས་སྒུལ་ཤུགས་འཕེལ་བར་བྱས་པ།

    འདི་ལོ་ཚུན་དུ། ནག་ཆུ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་དཔལ་འབྱོར་མཉམ་ལས་རྩ་འཛུགས་རང་ངོས་ཀྱི་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ་བརྒྱུད། སྤྱི་དོན་ཡོངས་བསྒྲགས་དང་ནོར་དོན་ཡོངས་བསྒྲགས་སོགས་ཀྱི་ལམ་ལུགས་ཚད་ལྡན་དུ་གཏོང་བ་དང་། ཞིང་ལས་གྲོང་གསེབ་པུའི་དཔེ་སྟོན་སྒྲིག་ཡིག་ལ་གཞིགས་པ། འཛུགས་གཉེར་བྱེད་མཁན་ཚང་མ་མཉམ་དུ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་སྒྲིག་ཡིག་བཟོ་བའི་ནང་ཞུགས་པ། ཁོངས་མིའི་ཚོགས་ཆེན་དང་། ལས་འཛིན་ལྷན་ཚོགས། ལས་དོན་ལྟ་སྐུལ་ལྷན་ཚོགས། གཉེར་སྐྱོང་དོ་དམ། ནོར་དོན། མི་དོན། ཡིག་ཚགས་སོགས་ཀྱི་སྒྲིག་སྲོལ་ལམ་ལུགས་ཁག་ཁ་གསལ་བཟོ་བ་བཅས་བྱས་ཏེ་ཞིང་འབྲོག་པའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་སྒྲིག་གཞི་སྔར་བས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད།

    རོགས་སྐྱོར་བྱ་ཤུགས་ཆེ་རུ་བཏང་ནས་འདེགས་སྐྱོར་ལ་ཤུགས་སྣོན་བརྒྱབ་པ།

    གྲོང་ཚོ་རིམ་པའི་ཞིང་འབྲོག་པའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། ནག་ཆུ་གྲོང་ཁྱེར་ནོར་སྲིད་ཀྱིས་ཐབས་ལམ་སྣ་ཚོགས་སྤྱད་དེ་མ་དངུལ་སྒོར་དུང་ཕྱུར་5.86བསྡུ་སྒྲིལ་བྱས་ནས་གྲོང་ཚོ་རེར་སྒོར་ཁྲི་50ཡི་ཚད་གཞི་གཞིར་བཟུང་རོགས་སྐྱོར་མ་དངུལ་བཀོད་སྒྲིག་བྱས་པ་དང་། སྔོན་ཚུད་ནས་གྲོང་ཚོ་ཁག་གི་རྨང་བརྟན་དམངས་ཕན་གྲོང་སྡོད་གཞུང་ལས་ཁང་གི་བྱ་བ་དངོས་སྒྲུབ་པའི་གྲོན་དངུལ་སྒོར་ཁྲི་20ལས་འགོ་བཙུགས་པའི་མ་དངུལ་ལ་བརྩིས་པ། ཕན་འབྲས་ཐོན་པ་དང་དཔྱད་ཞིབ་ཚད་ལོན་པའི་མཉམ་ལས་རྩ་འཛུགས་ལ་མ་དངུལ་ལྷག་མ་བྱ་དགའ་སྤྲོད་རྒྱུ་དང་། དཔྱད་ཞིབ་ཚད་ལོན་མེད་རིགས་ལ་དངུལ་ལྷག་མ་སྤྲོད་རྒྱུ་མིན་པ་དང་འབྲེལ་འགན་ཁུར་བའི་འགན་འཁྲི་བདའ་འདེད་གཏོང་རྒྱུ་རེད་པ་རེད།

    ནག་ཆུ་གྲོང་ཨུད་ཀྱི་ཧྲུའུ་ཅི་སངས་རྒྱས་བཀྲ་ཤིས་ཀྱིས་ནག་ཆུ་གྲོང་ཁྱེར་གྱིས་འདི་ལོའི་ལོ་མཇུག་ཏུ་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་དམ་པོར་དམིགས་ཏེ་ལེགས་ལྡན་ཐོན་ཁུངས་དང་གཙོ་ཁྲིད་ཐོན་ལས་ལ་བརྟེན་པ་དང་། “ཡུལ་བབ་དང་བསྟུན་པ་དང་། སྣ་མང་འཛུགས་གཉེར། སྲིད་གཞུང་གི་རོགས་སྐྱོར་བྱ་དགའ། སྡེ་ཚན་གྱི་ཁྲིད་སྟོན། ཁྲོམ་རའི་འཁོར་སྐྱོད”བཅས་ཀྱི་བླང་བྱར་གཞིགས་པ། ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་གཙོ་བོར་བྱེད་པའི་བྱ་ཐབས་ལ་བརྟེན་པ། རིམ་པ་མང་བ་དང་། རྣམ་པ་མང་བ། ཁྱབ་ཁོངས་མང་བ་བཅས་ཀྱི་གྲོང་ཚོ་རིམ་པའི་ཞིང་འབྲོག་པའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱས་ནས་ནག་ཆུ་གྲོང་ཁྱེར་གྱི་གྲོང་ཚོ་རིམ་པའི་ཞིང་འབྲོག་པའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་བསུ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་བྱུང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།