[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ལྗོངས་ཀྱིས་འདི་ལོའི་ནང་ཚུན་དུ་གྲོང་གསེབ་ཀྱི་ས་ཆ་འགན་གཙང་གི་དབང་ཆ་གཏན་འཁེལ་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་ལས་དོན་ལེགས་སྒྲུབ་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-07-29

    ས་ཆ་འགན་གཙང་གི་དབང་ཆ་གཏན་འཁེལ་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་ལས་དོན་ནི་གྲོང་གསེབ་ཀྱི་མཉམ་སྡེབ་རྒྱུ་ནོར་བདག་དབང་ལམ་ལུགས་སྒྱུར་བཅོས་ཀྱི་རྨང་གཞིའི་ལས་དོན་གལ་ཆེན་ཞིག་རེད། ཉེ་ཆར། ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ནས་ལས་དོན་ཚོགས་འདུ་འཚོགས་ཏེ་རང་ལྗོངས་ཀྱི་གྲོང་གསེབ་ཀྱི་ས་ཆ་འགན་གཙང་གི་དབང་ཆ་གཏན་འཁེལ་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་ལས་དོན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱ་རྒྱུའི་འབྲེལ་ཡོད་དོན་ཚན་ལ་ཞིབ་འཇུག་བཀོད་སྒྲིག་བྱས་ཡོད་པ་རེད།

    ཚོགས་འདུའི་ཐོག་2017ལོའི་ལོ་མཇུག་ཏུ་ལྗོངས་ཡོངས་ཀྱི་ས་ཞིང་འགན་གཙང་གི་དབང་ཆ་གཏན་འཁེལ་གྱི་ལས་འགན་གཙོ་བོ་སྤྱིར་ན་ལེགས་གྲུབ་ཟིན་ནས་བདག་ཁོངས་ཀྱི་དུད་ཚང་ཁྱོན་ཁྲི་37.96ལ་བརྟག་དཔྱད་བྱས་པ་དང་། ཁྱོན་མུའུ་ཁྲི་504ཟིན་པའི་རྨོ་ཞིང་ཁྲི་427.6ལ་ཚད་འཇལ་བྱས་ཡོད། 2018ལོའི་ཟླ་6ཚེས་20ཉིན་བར་ལྗོངས་ཡོངས་ཀྱིས་དབང་ཁོངས་བརྟག་དཔྱད་དང་། ས་ཞིང་ལ་བརྟག་དཔྱད་དང་དབྱེ་མཚམས་རྩད་ཞིབ་གཏན་འཁེལ། ཞིབ་བཤེར་སྤྱི་བསྒྲགས་སོགས་ཀྱི་ལས་དོན་སྤྱིར་ན་ལེགས་གྲུབ་ཟིན་ཡོད། རྫོང་དང་ཆུས་49ཡི་ས་ཞིང་འགན་གཙང་གི་དབང་ཆ་གཏན་འཁེལ་གྱི་ལས་དོན་ལ་ས་ཁུལ་དང་གྲོང་ཁྱེར་རིམ་པའི་ཞིབ་བཤེར་རྩིས་ལེན་ཐུབ་པ་དེས་ཞིབ་བཤེར་རྩིས་ལེན་ལས་འགན་བསྡོམས་འབོར་གྱི་78%བཟུང་ཡོད། སྣེ་གདོང་སོགས་རྫོང་དང་ཆུས་24ཡིས་ཞིང་ལས་གྲོང་གསེབ་པུའུ་ལ་གྲངས་གཞི་དངོས་སུ་མཉམ་སྐྱེལ་བྱས་པ་དང་སྦྲགས་ཞིབ་བཤེར་རྩིས་ལེན་རགས་ཙམ་ཐུབ་ཡོད་ཅེས་བསྟན་ཡོད།

    ཚོགས་འདུའི་ཐོག འདི་ལོ་རྨོ་ཞིང་འགན་གཙང་གི་དབང་ཆ་གཏན་འཁེལ་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་མཇུག་སྒྲིལ་ལས་དོན་ཕྱོགས་ཡོངས་ནས་ལེགས་གྲུབ་བྱེད་དགོས་ན་གཙོ་གནད་ནི་ས་ཁུལ་དང་གྲོང་ཁྱེར་གྱི་ཞིབ་བཤེར་རྩིས་ལེན་དང་། གྲངས་གཞི་མཉམ་སྐྱེལ་དང་གན་རྒྱ་འཇོག་པ། ལག་ཁྱེར་སྤྲོད་པ། ཆ་འཕྲིན་ལས་སྟེགས་གཏོད་པ་སོགས་ཀྱི་ལས་དོན་ལེགས་པར་བསྒྲུབ་རྒྱུ་དེ་རེད། གྲོང་གསེབ་ཀྱི་ས་ཆ་འགན་གཙང་གི་དབང་ཆ་གཏན་འཁེལ་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་ལས་དོན་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་རྗེས། གོམ་སྟབས་རྗེས་མའི་ལས་དོན་གྱི་གཙོ་གནད་ནི་ས་ཆ་འགན་གཙང་གི་དབང་ཆ་གཏན་འཁེལ་གྱི་གྲུབ་འབྲས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་། ས་ཆ་གཉེར་སྐྱོང་གི་དབང་ཆ་བརྒྱུད་བཤུག་ལ་ཁྲིད་སྟོན་ཧུར་ཐག་བྱེད་པ། རྣམ་པ་སྣ་ཚོགས་དང་གཞི་ཁྱོན་དང་འཚམ་པའི་གཉེར་སྐྱོང་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་རང་ལྗོངས་ཀྱི་ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་བྱ་ཐབས་ཞིབ་ལས་ཅན་དང་། གཞི་ཁྱོན་ཅན། རྩ་འཛུགས་ཅན། སྤྱི་ཚོགས་ཅན། ཐོན་ལས་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་མགྱོགས་མྱུར་གཏོང་དགོས་ཞེས་པའི་བླང་བྱ་བཏོན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།