[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཏང་ཡོན་རྒན་གྲས་བསམ་གྲུབ། ད་ཆའི་བདེ་སྐྱིད་འཚོ་བ་ཏང་གིས་གནང་བ་ཞིག་རེད།

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-07-29

    ཉིན་ཤས་གོང་། གསར་འགོད་པ་རང་སྐྱོང་ལྗོངས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་ཚོགས་པའི་གཞིས་རྩེ་ཡན་ལག་ཚོགས་པ་དང་མཉམ་དུ་བཞད་མཐོང་སྨོན་རྫོང་དུ་བསྐྱོད། མཐོང་སྨོན་ཤང་དགེ་འཕེལ་གྲོང་ཚོའི་ཡན་ལག་ཚོགས་རའི་སྒྲོག་འགྲེལ་བྱེད་སར་སྒྲོག་འགྲེལ་ནན་ཏན་ངང་ཉན་བཞིན་འབྲི་དེབ་ཐོག་ཟིན་བྲིས་བཀོད་མཁན་བགྲེས་སོང་ཞིག་ལ་དོ་སྣང་ཆེན་པོ་བྱུང་།

    བགྲེས་སོང་གི་འཁྲིས་སུ་བཅར་ནས་སྐད་ཆ་འདྲི་སྐབས། ཁོང་གི་མིང་ལ་བསམ་གྲུབ་ཟེར་བ་དང་དགེ་འཕེལ་གྲོང་ཚོའི་གྲོང་མི་ཡིན་ཞིང་། འདི་ལོ་ལོ་71ལ་སླེབས་པ་དང་ཏང་ཡོན་རྒན་གྲས་ཤིག་རེད་འདུག གསར་འགོད་པས་ཡ་མཚན་ངང་ཁྱེད་རང་དགུང་ལོ་མཐོ་ཡང་ད་དུང་ཧུར་བརྩོན་དང་ནན་ཏན་ངང་སྒྲོག་འགྲེལ་ཉན་པར་ཕེབས་པ་གང་ཡིན་ནམ་ཞེས་འདྲི་སྐབས། ཁོང་གིས“ང་ནི་གུང་ཁྲན་ཏང་ཡོན་ཞིག་ཡིན། ལོ་ན་མཐོ་ཡང་གཞན་གྱི་རྗེས་སུ་ལུས་མི་རུང་། ལས་ཀ་གང་བྱས་ཀྱང་ཧུར་ཐག་གིས་བསྒྲུབས་ནས་སྣེ་ཁྲིད་ཡག་པོ་བྱེད་དགོས”ཞེས་བརྗོད་བྱུང་།

    བགྲེས་སོང་ཁོང་གིས་བོད་རྙིང་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་དང་། བོད་ཞི་བའི་བཅིངས་འགྲོལ། དམངས་གཙོའི་བཅོས་སྒྱུར། སྒྱུར་བཅོས་སྒོ་དབྱེ་སོགས་ལོ་རྒྱུས་དུས་སྐབས་བརྒྱུད་མྱོང་ཡོད་ལ། བོད་ཀྱི་འགྱུར་ལྡོག་ཆེན་པོ་ཡང་མཐོང་མྱོང་ཡོད་པས། ཁོང་གིས་བརྗོད་པའི་གཏམ་ལ་མཚོན་བྱེད་རང་བཞིན་ཆེན་པོ་ལྡན་ཡོད། དེར་བརྟེན་གསར་འགོད་པས་སྒྲོག་འགྲེལ་ཚར་རྗེས། ཁོང་ལ་བཅར་འདྲི་བྱ་རྒྱུའི་རེ་བ་ཞུས་པས་མོས་མཐུན་གནང་བྱུང་། སྒྲོག་འགྲེལ་ཚར་མ་ཐག་ཁོང་གིས་གསར་འགོད་པ་གྲོང་ཚོའི་རིག་གནས་ཁང་དུ་ཁྲིད། ཁོང་གིས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ(བོད་ཡིག་པར་མ)》ཞེས་པའི་དེབ་དེ་ང་ཚོར་བསྟན་ནས། “དེབ་འདི་ཡག་པོ་བྲིས་གནང་འདུག སྤྱི་ཁྱབ་ཧྲུའུ་ཅིས་གསུངས་པའི་བཀའ་མོལ་མང་པོ་ཞིག་ང་ཚོ་མི་སེར་ཚོའི་སེམས་ཀྱི་སྐད་ཆ་རེད། ངས་ཐེངས་ཁ་ཤས་བཀླགས་པ་ཡིན། ཀློག་ཐེངས་རེར་མྱོང་ཚོར་མི་འདྲ་བ་རེ་ཡོང་གི་འདུག”ཅེས་བརྗོད་བྱུང་།

    གསར་འགོད་པས“བོད་ཀྱི་ད་ཆའི་དུས་བབ་དང་རྣམ་པ་བཟང་པོ་འདི་གཙོ་བོ་ཏང་གི་འགོ་ཁྲིད་ལས་བྱུང་བ་ཞིག་རེད། ཁྱེད་ཀྱིས་ལོ་རྒྱུས་དུས་སྐབས་ཁག་བརྒྱུད་མྱོང་ཡོད་པས། བོད་ཀྱི་ལོ་རྒྱུས་དང་ཟུང་འབྲེལ་བྱས་ཏེ་མྱོང་ཚོར་གང་ཡོད་མེད་གསུང་རོགས”ཞེས་བཤད།

    བསམ་གྲུབ་ཀྱིས་གུང་ཁྲན་ཏང་མེད་པའི་སྐབས་སུ་བོད་གང་འདྲ་ཞིག་ཡིན་མིན་དང་། གུང་ཁྲན་ཏང་ཕེབས་རྗེས། བོད་གང་འདྲ་ཞིག་ཡིན་མིན་དང་། ཏང་གི་འགོ་ཁྲིད་འོག་ད་ཆ་བོད་ཀྱི་མང་ཚོགས་ཀྱི་འཚོ་བ་གང་འདྲ་ཡོད་མེད། འདི་དག་ཚང་མ་མིག་མཐོང་ལག་ཟིན་གྱི་ལོ་རྒྱུས་ཀྱི་དངོས་ཡོད་གནས་ཚུལ་རེད། བོད་རྙིང་པར་ཞིང་བྲན་རྣམས་ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱི་ལུས་མི་དྲོད་པར་རྟ་ཟོག་སེམས་ཅན་ལྟར་གྱི་འཚོ་བ་སྐྱེལ་དགོས་པ་མ་ཟད། ཞིང་བྲན་བདག་པོའི་བཤུ་གཞོག་གཉའ་གནོན་མྱོང་དགོས་ཀྱི་ཡོད། ཞི་བའི་བཅིངས་འགྲོལ་བཏང་བ་དང་དམངས་གཙོའི་བཅོས་སྒྱུར་བྱས་རྗེས། བོད་སྤྱི་ཚོགས་གསར་པར་བསྐྱོད་པ་དང་ཞིང་བྲན་རྣམས་ཡར་ལངས་བཅིངས་འགྲོལ་ཐོབ་ནས་བདག་པོར་གྱུར་པ་དང་། ལྟོ་གོས་དང་སྡོད་ཁང་གི་ཆ་རྐྱེན་ལེགས་སུ་ཕྱིན་ནས་མི་ཚེ་སྐྱིད་པོ་ཞིག་སྐྱེལ་རྒྱུ་བྱུང་ཡོད། ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེའི་དུས་སྐབས་གསར་པར་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སོགས་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ཅེས་བཤད་བྱུང་།

    དོན་དངོས་ལ་མཐོང་ཆེན་བྱེད་ཤེས་མཁན་ཞིག་ཡིན་ཕྱིན། འདི་ལྟ་བུའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཏང་གི་དམིགས་བསལ་ཐུགས་ཁུར་ལས་བྱུང་བ་ཞིག་ཡིན་པ་ཤེས་ཐུབ། གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་པའི་གནས་ལུགས་འདི་བོད་ཀྱི་ལོ་རྒྱུས་ལག་ལེན་ལས་རྦད་དེ་ར་སྤྲོད་ཐུབ་ཡོད།

    བགྲེས་སོང་བསམ་གྲུབ་ཀྱིས་གསར་འགོད་པར། ང་1947ལོར་སྐྱེས་པ་རེད། བོད་ཞི་བས་བཅིངས་འགྲོལ་གཏོང་སྐབས་ང་ལོ་4ཡིན། དམངས་གཙོའི་བཅོས་སྒྱུར་བྱེད་སྐབས་ལོ་12ལ་སླེབས་ཀྱི་ཡོད། ཕ་མ་གཉིས་ཀྱིས་ང་ལ་དམངས་གཙོའི་བཅོས་སྒྱུར་བྱེད་སྐབས་གྲོང་ཚོའི་མི་རྣམས་དགའ་སྤྲོ་ཚད་མེད་བྱུང་བ་དང་། མི་ལུས་གསར་པ་ཞིག་སྦྱིན་པའི་ཚོར་སྣང་བྱུང་ནས་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་པའི་སྐོར་རྗོད་མྱོང་ཡོད། ངའི་སེམས་ལ་བག་ཆགས་ཟབ་ཤོས་ནི། སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་དང་ལྷག་པར་དུ་ཉེ་བའི་ལོ་ཤས་རིང་གྲོང་ཚོའི་འགྱུར་ལྡོག་ཆེན་པོ་རེད། འདི་དག་ཚང་མ་རང་རེའི་ཏང་གིས་གནང་བ་ཞིག་རེད། མི་ཞིག་ཡིན་ན་དྲིན་ལན་ལོག་འཇལ་བྱ་རྒྱུ་མེད། ང་ཚོས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་མི་བྱེད་པའི་རྒྱུ་མཚན་མེད་ཅེས་བཤད།

    “བོད་ཀྱི་སྤྱི་ཚོགས་ཀྱི་འགྱུར་ལྡོག་ཆེན་པོར་ཐེ་ཚོམ་ཟ་མི་དགོས་པ་ཞིག་རེད། འོན་ཀྱང་ཁ་ཕྲལ་དང་གཏོར་བཤིག་གཏོང་མཁན་ཁ་ཤས་དང་ལྷག་པར་དུ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱིས་དོན་དངོས་ལ་མི་བལྟོས་པ། ཚིག་མཚོན་འདེབས་པ། མཐོང་ཐོས་རྙོག་བཟོ། མང་ཚོགས་མགོ་རྨོངས་སུ་འཇུག་པ་བཅས་བྱས་ཏེ་གནམ་འོག་ཟང་ཟིང་བཟོ་གི་ཡོད། ཁྱེད་ལ་དེའི་ཐད་ལྟ་སྟངས་གང་ཡོད་དམ”ཞེས་འདྲི་སྐབས།

    “ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ནི་ངོ་ཚ་ཁྲེལ་མེད་ཀྱི་གཡོ་སྒྱུ་ཅན་ཞིག་རེད། ཁོ་པ་ཚོས་ངོ་ཚ་ཁྲེལ་མེད་ངང་ཆོས་ལུགས་སྤྱོད་པ་དང་། བོད་བརྒྱུད་ནང་བསྟན་འཁྱོག་བཤད་བྱེད་པ། མི་རྣམས་ལ་མགོ་སྐོར་བསླུ་ཁྲིད་བཏང་ནས་བོད་ལ་ཟིང་སློང་བ་བཅས་བྱས་ཏེ་རང་ཉིད་ཀྱི་ལྐོག་གཡོ་སྒྲུབ་ཐབས་བྱེད་ཀྱི་ཡོད། མི་ངན་དེ་དག་ནི་འདོད་རྔམ་ཅན་ཤ་སྟག་རེད། ཟིང་བསླངས་ནས་ཁོ་པ་ཚོར་ཁེ་ཕན་རགས་ཐབས་བྱེད་པ་ལས། མི་སེར་གྱི་འཆི་གསོན་ལ་ལྟ་མི་སྲིད། ཁོ་པ་ཚོའི་དམིགས་ཡུལ་ནི་བོད་མེས་རྒྱལ་ནས་ཁ་འཕྲལ་བཏང་སྟེ་མཐར་ཆོས་སྲིད་ཟུང་འབྲེལ་གྱི་བོད་རྙིང་པ་རོ་ལངས་རྒྱག་པ་དང་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་སུ་བསྐྱར་ལོག་བྱས་ནས་སྐུ་དྲག་གི་འཚོ་བ་སྐྱེལ་རྒྱུའི་རེ་ངན་དེ་རེད། དེ་ནི་མ་རུང་ཁོག་བཅུག་མ་ཡིན་ནམ”ཞེས་བཤད་བྱུང་།

    ཁོང་གིས་གསར་འགོད་པར། བོད་ཀྱི་ལོ་རྒྱུས་ལྟ་ཀློག་ཞིག་བྱས་ན། བོད་དང་མེས་རྒྱལ་གཅིག་སེམས་གཅིག་ཏུ་འབྲེལ་བ་དེ་ནི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཡིན་པ་མཐོང་ཐུབ། སུ་ཞིག་གིས་ཁ་འཕྲལ་དང་གཏོར་བཤིག་བཏང་ན། དེ་ཉིད་ཕམ་རྒྱུ་ལོས་རེད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱང་དེ་ལྟར་རེད། ཁོང་ཚོར་ཡོང་རྒྱུ་ཕམ་ཉེས་ལས་མེད། ཁ་ཕྲལ་གཏོར་བཤིག་གཏོང་མཁན་དེ་དག་མཐའ་གཅིག་ཏུ་གཏན་འགོག་བྱས་ཏེ་ཚང་མ་རྩ་མེད་བཟོ་དགོས་པ་མ་ཟད། ད་དུང་རྒྱ་ཆེའི་མང་ཚོགས་ཚོར་རྒྱ་ཁྱབ་ངང་སློབ་གསོ་གཏོང་བ་དང་ལྷག་པར་དུ་མང་ཚོགས་ཚོས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི་ཆབ་སྲིད་ཐོག་གི་ལོག་སྤྱོད་རང་བཞིན་དང་། ཆོས་ལུགས་ཐོག་གི་གཡོ་རྫུས་རང་བཞིན། བྱ་ཐབས་ཐོག་གི་མགོ་སྐོར་རང་བཞིན་བཅས་ཤེས་པའི་སློབ་གསོ་བརྒྱབ་ནས་རང་རྟོགས་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་འབྱེད་དེ་ཁོ་པ་ཚོ་གྲོགས་མེད་ཁེར་རྐྱང་དུ་འཇོག་དགོས་ཞེས་བཤད་བྱུང་།

    གསར་འགོད་པས“ད་ཆ་ལྗོངས་ཡོངས་སུ‘སྣང་ཆེན་བཞི་དང་དགའ་ཞེན་བཞིའི’མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བཞིན་ཡོད། ཁྱེད་ཀྱིས་བྱས་ན། གང་འདྲ་བྱས་ཏེ་སློབ་གསོ་ལག་ལེན་གྱི་བྱེད་སྒོ་མང་ཚོགས་ཀྱི་སེམས་ལ་ཟུག་པར་བྱེད་དགོས་སམ”ཞེས་འདྲི་སྐབས།

    “ངས‘སྣང་ཆེན་བཞི་དང་དགའ་ཞེན་བཞིའི’མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་མང་ཚོགས་ཀྱི་སེམས་ལ་ཟུག་པར་བྱེད་དགོས་ན། ངེས་པར་དུ་གཙོ་གནད་དེ་བོད་གསར་རྙིང་བསྡུར་བའི་ཐོག་བཞག་ནས། བོད་རྙིང་པར་འཚོ་བ་གང་འདྲ་ཡོད་མེད་དང་། བོད་གསར་པར་འཚོ་བ་གང་འདྲ་ཡོད་མེད་ཤེས་སུ་འཇུག་པ་མ་ཟད། དངོས་དངོས་རྗེན་རྗེན་གྱི་འགྱུར་ལྡོག་དང་མིག་མཐོང་ལག་ཟིན་གྱི་དཔེ་དྲངས་ནས། མང་ཚོགས་ཚོས་ད་ཆའི་བདེ་སྐྱིད་འཚོ་བ་གང་འདྲ་བྱུང་མིན་ཤེས་པར་བྱེད་དགོས་པ་མ་ཟད། གུང་ཁྲན་ཏང་གི་འགོ་ཁྲིད་འོག་ད་ཆའི་གྲུབ་འབྲས་ཐོབ་ལུགས་དང་ཕན་པ་གང་ནས་བྱུང་བ་དང་ཕན་པ་སུ་ལ་ཐོབ་མིན་ཤེས་ཐུབ་པར་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། ཕྱོགས་གཞན་ཞིག་ནས་ཤོད་པ་དང་སྒྲུབ་ཐུབ་པ་བྱས་ཏེ། དུད་ཚང་ཁག་ཏུ་བསྐྱོད་ནས་གྲལ་བཤེར་ལས་དོན་ཡག་པོ་བསྒྲུབ་པ་དང་མང་ཚོགས་ཚང་མ་དང་ལྷག་པར་དུ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བའི་གནས་ཚུལ་ཤེས་པར་བྱས་ཏེ། མང་ཚོགས་ཀྱིས་གང་བསམ་མིན་དང་། གནད་དོན་གང་ཡོད་མེད། དཀའ་ངལ་གང་ཡོད་མེད་བཅས་ཤེས་པར་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས། མང་ཚོགས་ཀྱི་བྱ་བ་ཏན་ཏིག་བསྒྲུབས་ནས་མང་ཚོགས་ཚོས་ཏང་གི་བཀའ་དྲིན་ཚོར་ཐུབ་པ་བྱེད་དགོས་ལ། གང་དུ་དཀའ་ངལ་ཡོད་ན། དེར་གུང་ཁྲན་ཏང་ཡོན་ཡོད་པར་བྱེད་དགོས། དེ་ལྟར་བྱས་ཚེ། དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད་ལ། མང་ཚོགས་རྣམས་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་དང་འབྲེལ། མི་སེམས་གཅིག་ཏུ་སྒྲིལ་བ་དང་རྨང་གཞི་ཡང་བརྟན་པོ་འདིང་ཐུབ་ངེས་རེད”ཅེས་བཤད་བྱུང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།