[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • “སང་ཉིན་གྱི་འཆར་གཞིའི”སྨན་བཅོས་རིགས་གཅིག་མཁས་ཅན་གྱིས་བོད་དུ་དྭ་ཕྲུག་དང་དབང་སྐྱོན་བྱིས་པའི་ནད་གཞིའི་གནས་ཚུལ་ལ་གྲལ་བཤེར་བྱེད་པར་བསྐྱོད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-09

    ཚེས་6ཉིན་དམངས་སྲིད་པུའི“སང་ཉིན་གྱི་འཆར་གཞིའི”སྨན་བཅོས་རིགས་གཅིག་མཁས་ཅན་བོད་དུ་བསྐྱོད་ནས་དྭ་ཕྲུག་དང་དབང་སྐྱོན་བྱིས་པའི་ནད་གཞིའི་གནས་ཚུལ་ལ་གྲལ་བཤེར་བྱེད་པའི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་ལྷ་སར་འཚོགས་ཤིང་། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོས་ཕྱི་ནད་ཚན་ཁག་གི་ནད་གཞི་དང་། རུས་ནད་ཚན་ཁག་གི་ནད་གཞི། སྙིང་ཁམས་ཚན་ཁག་གི་ནད་གཞི། དབང་རྩའི་ཁོག་ནད་ཚན་ཁག་གི་ནད་གཞི་སོགས་ཕོག་པའི་བྱིས་པ་150ལྷག་ལ་གྲལ་བཤེར་བྱས་ཏེ་ནད་གཞི་ལྕི་པོ་ཕོག་པའི་བྱིས་པ་ལྗོངས་ཕྱིར་རིན་མེད་སྨན་བཅོས་བྱེད་པར་འཁྲིད་རྒྱུ་དང་ནད་གཞི་ཚབས་ཆུང་བའི་བྱིས་པ་རིགས་གཅིག་མཁས་ཅན་གྱི་མཛུབ་ཁྲིད་འོག་ལྗོངས་ནང་ཁུལ་དུ་སྨན་བཅོས་བྱ་རྒྱུ་རེད།

    གསར་འགོད་པས་བོད་ལྗོངས་བྱིས་པའི་ཕན་བདེ་ཁང་གི་ནད་དཔྱད་ས་ཚིགས་ནས། ལྷ་ས་དང་། ནག་ཆུ། ལྷོ་ཁ། ཉིང་ཁྲི་བཅས་གྲོང་ཁྱེར་བཞིའི་ཕན་བདེ་ཁང་གི་བྱིས་པ་དེ་གར་བརྟག་དཔྱད་བྱེད་པར་ཡོང་བ་མཐོང་བྱུང་། ལྷོ་ཁ་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་ལོ་8ལ་སོན་པའི་སྲི་ཐར་ཆོས་ཉིད་ལ་ལྷན་སྐྱེས་སྙིང་ནད་ཕོག་པ་གཏན་འཁེལ་བྱས་པ་དང་ཁོ་མོ་པེ་ཅིང་དུ་རིན་མེད་གཤགས་བཅོས་བྱེད་པར་བསྐྱལ་རྒྱུ་རེད།

    བོད་ལྗོངས་བྱིས་པའི་ཕན་བདེ་ཁང་གི་ཡོན་ཀྲང་གཞོན་པ་པའེ་ཡུས་ཧྥུང་གིས“པེ་ཅིང་ནས་ཡོང་བའི་རིགས་གཅིག་མཁས་ཅན་ཚོས་ཕྲུ་གུ་ཚོར་ནད་གཞི་བརྟག་དཔྱད་བྱས་པ་མ་ཟད། རྗེས་ཀྱི་སྨན་རིན་ཚང་མ་རྩ་ཆག་བཏང་ནས་ཕན་བདེ་ཁང་གི་བྱིས་པར་ཕན་བདེ་བསྐྲུན་བྱུང་། ཏང་དང་པེ་ཅིང་གི་རིགས་གཅིག་མཁས་ཅན་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད།

    བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི་ཏང་ཙུའི་ཁོངས་མི་སྐོར་གཟིགས་པ་ཞུས་ཅ་མིས“ད་ཐེངས་ཀྱི་བྱེད་སྒོར་རིགས་གཅིག་མཁས་ཅན་4ཕེབས་པ་དང་ཁོང་རྣམ་པས་ལྗོངས་ཡོངས་ཀྱི་དྭ་ཕྲུག་དང་དབང་སྐྱོན་བྱིས་པ་ཚང་མར་སྤྱིར་ན་བརྟག་དཔྱད་བྱས་པ་རེད། ཕྲུ་གུ་དེ་དག་གིས‘སང་ཉིན་གྱི་འཆར་གཞི’བརྒྱུད་བདེ་ཐང་སླར་གསོ་ཐུབ་ནས་རྒྱུན་གཏན་བཞིན་སློབ་གྲྭར་འགྲོ་བ་དང་སྤྱི་ཚོགས་ཁྲོད་ཞུགས་ཐུབ་རྒྱུའི་རེ་བ་ཡོད”ཅེས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། “སང་ཉིན་གྱི་འཆར་གཞི”ནི་རྒྱལ་ཁབ་དམངས་སྲིད་པུས་དྭ་ཕྲུག་དང་དབང་སྐྱོན་བྱིས་པར་ལག་བསྟར་བྱས་པའི་རྒྱལ་ཡོངས་རང་བཞིན་གྱི་རིན་མེད་སྨན་བཅོས་དྲག་སྐྱེད་འདུ་འགོད་ཅིག་ཡིན། 2004ལོ་ནས་2016ལོ་བར་བོད་ཀྱི་དྭ་ཕྲུག་288ཀྱིས“སང་ཉིན་གྱི་འཆར་གཞིའི”རྣམ་གྲངས་བརྒྱུད་ནས་སྨན་བཅོས་དང་དྲག་སྐྱེད་བྱུང་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།