[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ད་ལོ་བོད་ལྗོངས་སུ་འབྲིང་རྒྱུགས་ལ་ཞུགས་མཁན་སློབ་མ་ཁྲི་4ལྷག་ཙམ་ཡོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-08

    ཚེས་6ཉིན་གྱི་ཕྱི་དྲོར། གསར་འགོད་པས་རང་སྐྱོང་ལྗོངས་སློབ་གསོ་རྒྱུགས་ལེན་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2018ལོར་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་སློབ་འབྲིང་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་བསྡུའི་ལྗོངས་ཡོངས་ཀྱི་གཅིག་གྱུར་རྒྱུགས་ལེན(གཤམ་ལ“འབྲིང་རྒྱུགས”ཞེས་བསྡུ་རྒྱུ)གྱི་རྒྱུགས་སྤྲོད་སློབ་མའི་སློབ་ཁོངས་གཏན་འཁེལ་དང་། དྲ་ཐོག་ཐོ་འགོད། ཆ་འཕྲིན་གཏན་འཁེལ། རྒྱུགས་ར་བཀོད་སྒྲིག་བཅས་ཀྱི་ལས་དོན་བདེ་བླག་ངང་མཇུག་འགྲིལ་ཞིང་། འདི་ལོ་རང་ལྗོངས་སུ་མིང་འགོད་རྒྱུགས་སྤྲོད་སློབ་མ་ཁྱོན་41911ཡོད་པ་དེའི་ནང་ཞིང་འབྲོག་པའི་རྒྱུགས་སྤྲོད་སློབ་མ་37072དང་། ཞིང་འབྲོག་པ་མིན་པའི་རྒྱུགས་སྤྲོད་སློབ་མ་4839ཡོད་ཅིང་། ཞིང་འབྲོག་པའི་རྒྱུགས་སྤྲོད་སློབ་མས་རྒྱུགས་སྤྲོད་སློབ་མའི་བསྡོམས་འབོར་གྱི་88.45%ཟིན་ཡོད་པ་རེད།

    2018ལོའི་བོད་ཀྱི་འབྲིང་རྒྱུགས་ཟླ་6ཚེས་20ནས་22ཉིན་བར་གཏོང་རྒྱུ་ཡིན་པ་དང་། འདི་ལོ་ལྗོངས་ཡོངས་ཀྱིས་ལྷ་ས་དང་། ཆབ་མདོ། ལྷོ་ཁ། གཞིས་རྩེ། ནག་ཆུ། མངའ་རིས། ཉིང་ཁྲི། གོར་མོ། བོད་ལྗོངས་མི་རིགས་སློབ་ཆེན། ཁྲེང་ཏུའུ་བཅས་རྒྱུགས་ཁུལ་10བཙུགས་པར་ཁྱོན་བསྡོམས་རྒྱུགས་སྤྲོད་ས་ཚིགས་91དང་རྒྱུགས་ར་1458ཡོད་པ་ལས་བོད་ལྗོངས་མི་རིགས་སློབ་ཆེན་ཞོར་གཏོགས་སློབ་འབྲིང་དང་ཁྲེང་ཏུའུ་བོད་ལྗོངས་སློབ་འབྲིང་དུ་གནས་གཡར་རྒྱུགས་སྤྲོད་ས་ཚིགས་བཙུགས་ཡོད། “མིག་སྔར། གནས་གཡར་རྒྱུགས་སྤྲོད་སློབ་མའི་མིང་ཐོ་བོད་རང་སྐྱོང་ལྗོངས་སློབ་གསོ་རྒྱུགས་ལེན་ཁང་གི་དྲ་ཚིགས་ཐོག་ཡོངས་བསྒྲགས་བྱས་ཡོད་པས། རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་ཚོས་དྲ་ཐོག་ནས་འཚོལ་ཞིབ་བྱས་ཆོག ཟླ་6ཚེས་18ཉིན་གནས་གཡར་རྒྱུགས་སྤྲོད་སློབ་མས་སོ་སོའི་ཐེམ་ཐོའི་མ་དེབ་བམ་ཡང་ན་ཡུལ་མིའི་ཐོབ་ཐང་ལག་ཁྱེར་ངོ་མ་ཁྱེར་ནས་ནང་སར་སློབ་གྲྭ་གཉེར་མཁན་ཁྲེང་ཏུའུ་གཞུང་དོན་ཁང་དང་བོད་ལྗོངས་མི་རིགས་སློབ་ཆེན་གྱི་སློབ་མ་བསྡུ་ཁུལ་དུ་རྒྱུགས་སྤྲོད་ཆོག་པའི་ལག་ཁྱེར་དང་དེ་བཞིན་འབྲེལ་ཡོད་ཀྱི་དཔྱད་གཞིའི་ཡིག་རིགས་ལེན་པར་འགྲོ་དགོས”ཞེས་བོད་རང་སྐྱོང་ལྗོངས་སློབ་གསོ་རྒྱུགས་ལེན་ཁང་གི་འགན་འཁུར་བས་དྲན་སྐུལ་བྱས་བྱུང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།