[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ས་མཐོའི་མཐའ་མཚམས་ཕྱོགས་སུ་རྩ་བ་ཚུགས། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྐྲུན།

    བོད་ཀྱི་དམག་དམངས་མཉམ་འདྲེས་ཀྱིས་མཐའ་མཚམས་སྲུང་སྐྱོང་དང་མཐའ་མཚམས་སྲ་བརྟན་དུ་གཏོང་བའི་ལས་དོན་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-13

    ཡུལ་སྨད་ནི་མེས་རྒྱལ་ལྷོ་ནུབ་ཏུ་སྐད་གྲགས་ཆོད་པའི་མཐའ་མཚམས་ཤང་ཞིག་ཡིན་པ་དང། “མི་གསུམ་ཤང”གི་གཏམ་རྒྱུད་དེའང་ས་ཕྱོགས་གང་སར་ཁྱབ་ཡོད། སྒྲོལ་དཀར་དང་གཡང་འཛོམས་ཁྱིམ་གྱི་མི་རབས་འགའ་ཤས་ཀྱིས་ལོ་བཅུ་ཕྲག་ཁ་ཤས་བརྟན་སྲུང་གིས་སྤྱི་ལེ་ངོས་གྲུ་3644ཡི་ས་གཞི་སྲུང་སྐྱོང་བྱས་པའི་བྱས་རྗེས་དེར་ཀྲུང་གོར་སེམས་འགུལ་ཐེབས་ཡོད།

    བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་བྱེད་པ།

    “རྒྱལ་ཁབ་ཡོད་པས་ཁྱིམ་ཚང་ཡོད་པ་དང་། རྒྱལ་ཁབ་ཀྱི་མངའ་ཁོངས་དུས་བདེ་ཞོད་འཇགས་མེད་ན་ཁྱིམ་ཚང་ཁྲི་སྟོང་མང་པོར་བདེ་འཇགས་ལྡན་ཐབས་བྲལ། མེས་རྒྱལ་མཐའ་མཚམས་ཀྱི་རྩ་རྩི་ཤིང་ཡོངས་ལ་ང་ཚོ་ཚང་མས་སྲུང་སྐྱོང་ཡག་པོ་བྱེད་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་སྨད་ཤང་གི་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་སྤྲིངས་པའི་འཕྲིན་ལན་ཐོག་རྒྱ་ཆེའི་མཐའ་མཚམས་མི་སེར་ཚོས་དུས་ཡུན་རིང་པོའི་ནང་སྐད་གྲགས་མེད་པར་ལེགས་སྐྱེས་འབུལ་བ་དང་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་བྱེད་པའི་བླ་ན་མེད་པའི་བསམ་བློར་ཁས་ལེན་གང་ལེགས་གནང་བ་དང་། དེས་མཐའ་མཚམས་སྲུང་སྐྱོང་དང་མཐའ་མཚམས་འབྱོར་ཕྱུག་ལྡན་པར་བྱེད་པའི་ལྗོངས་ཡོངས་ཀྱི་ཏང་སྲིད་ཉེན་དམངས་དམག་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད་པ་རེད།

    ཡ་མཚན་གྱི་བསམ་བློ་ཞིག་བཅངས་ནས་ཞུས་དབྱང་ཀང་གིས་མཐའ་མཚམས་སུ་ཕྱིན་ཆོག་པའི་རེ་འདུན་ཐེངས་མང་ཞུས་ཏེ་ཡུལ་སྨད་དུ་བསྐྱོད་ནས་ཤང་སྤྱི་བདེ་མཐའ་སྲུང་མངགས་གཏོང་ཁང་དུ་ལས་ཀ་བྱས། མངགས་གཏོང་ཁང་དུ་སླེབས་ནས་ཡུན་རིང་མ་སོང་བར་ཞུས་དབྱང་ཀང་གིས་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་ཉེན་ཟོན་སྐོར་གཡེང་བྱེད་པར་བསྐྱོད་རྒྱུའི་རེ་འདུན་ཞུས། ཉིན་གཅིག་སོང་རྗེས་ཁོང་ལ་ཡུལ་སྨད་ནི་གཞི་རྒྱ་ཆེན་པོ་ཡོད་པ་དངོས་འབྲེལ་མྱོང་ཚོར་ཐུབ་པ་དང་། གྲོང་ཚོ་ཆུང་ངུ་དེའི་མི་རྣམས་ཀྱིས་རྒྱལ་ཁབ་དང་ཁྱིམ་ཚང་ལ་བརྩེ་བ་ཟབ་མོ་ལྡན་པ་ཤེས་རྟོགས་ཐུབ།

    ཉིན་དང་པོའི་དགོང་མོར་ཞུས་དབྱང་ཀང་གིས་གྲོ་ཟན་དང་ཤིང་ཏོག་གྲ་སྒྲིག་ཨང་བསར་བྱས་པ་དང་། ཐོ་རེངས་ཆུ་ཚོད་ལྔ་པ་ཡོལ་ཙམ་ལ་ཁོང་མཉམ་འབྲེལ་འགོག་སྲུང་རུ་ཁག་གི་རུ་དཔོན་རིག་འཛིན་འཇིགས་མེད་ཀྱི་སྦག་སྦག་འཁོར་ལོའི་རྒྱབ་ཏུ་བཞོན་ནས་ཡུལ་སྨད་ཤང་གི་ཤང་ཀྲང་ཟླ་བ་དང་མཉམ་དུ་ལམ་ལ་ཆས།“ཐོན་ནས་ཡུན་རིང་མ་སོང་བར་སྦག་སྦག་ཀྱང་ཐར་ཐབས་བྲལ་ནས་རྐང་ཐང་མར་མི་འགྲོ་དཀའ་མེད་བྱུང”ཞུས་དབྱང་ཀང་གིས་ནམ་ལངས་རྗེས་ཁོང་ཚོས་རི་ལམ་གྱི་ཟུར་དུ་ལམ་རྒྱགས་ཕྲན་ཙམ་བཟས་ནས་མུ་མཐུད་རི་ལམ་འཛེགས་པ་ཡིན་ཞེས་བཤད།

    “གདོད་མའི་ནགས་ཚལ་ཁྲོད་ནས་འགྲོ་སྐབས་ཐོག་མར་ང་རང་རྗེས་ཟིན་ཙམ་བྱུང་། རྗེས་སུ་ང་རང་ཁོང་ཚོའི་རྗེས་སུ་ལུས”ཉིན་གཅིག་སོང་རྗེས་ཞུས་དབྱང་ཀང་གི་བསམ་བློར་དེ་ནི་ཚེ་གང་གི་འགྲུལ་བཞུད་ཅིག་བྱས་པ་ལྟར་སྣང་། དགོང་མོ་ལོག་ཡོང་སྐབས་ཁོང་དགོང་ཟས་ཀྱང་བཟའ་འདོད་མེད་པར་དཀའ་ལས་ཁག་ཐག་ཆོད་ནས་གཉིད་ལ་ཡུར།

    མཐའ་མཚམས་སུ་ཉེན་ཟོན་སྐོར་གཡེང་ཐེངས་དང་པོ་བྱེད་སྐབས་ཞུས་དབྱང་ཀང་ཡུལ་སྨད་ལ་ཡ་མཚན་སྐྱེས་པ་ནས་མཐའ་མཚམས་སྲུང་སྐྱོང་དང་མཐའ་མཚམས་སྲ་བརྟན་དུ་གཏོང་བའི་འགན་འཁྲི་ཞིག་ལ་གྱུར། དེ་རྗེས་ཀྱི་ལོ་ཁ་ཤས་རིང་། ཞུས་དབྱང་ཀང་གིས་ཡུལ་སྨད་བ་དང་མཉམ་དུ་སྐྱིད་སྡུག་མཉམ་མྱོང་བྱས་ནས་ཉ་ཆུ་ལྟ་བུའི་བརྩེ་དུང་ཆགས།

    མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་གནས་པའི་བོད་ལྗོངས་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཡུལ་ས་གཙོ་བོ་ཞིག་རེད། བོད་ཀྱི་བདེ་འཇགས་དང་བརྟན་ལྷིང་ནི་རྒྱལ་ཡོངས་ཀྱི་བདེ་འཇགས་དང་བརྟན་ལྷིང་དང་འབྲེལ་བ་ཡོད། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་པར། དང་ཐོག་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་ཞིག་བྱས་ཏེ་མེས་རྒྱལ་མཐའ་མཚམས་ཀྱི་རྩྭ་རྩི་ཤིང་ཚུན་ཆད་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས།

    བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་པ།

    ཚེ་རིང་ལྷག་སྐྱིད་དང་། དབྱངས་སྒྲོན། མིག་དམར་བཅས་གཅེན་གཅུང་གསུམ་གྱི་ཕ་མ་ཚེ་ལས་འདས་ཤིང་། ལོ་8ཀྱི་གོང་དུ་དབྱངས་སྒྲོན་ལྷ་རྩེ་ནས་ལེ་དབར་སྟོང་གི་སར་མནའ་མར་སྟེར། ཁོང་ཐག་རིང་ལ་མནའ་མར་སྟེར་ས་ནི་གླང་ཆེན་ཁ་འབབ་རི་བོ་ཧི་མ་ལ་ཡ་བརྒལ་ནས་ཆགས་པའི་འབྱོར་ཕྱུག་གི་ཕ་ཡུལ་ཏེ་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་བསྟི་ཡག་ཤང་རེད།

    ལོ་གཉིས་པར་བསྟི་ཡག་གི་མཛེས་སྡུག་ལྡན་ཤོས་ཀྱི་དུས་ཚིགས་སུ་དབྱངས་སྒྲོན་གྱི་འབོད་སྐུལ་འོག་ཐག་རིང་གི་ཕ་ཡུལ་ལྷ་རྩེར་ཡོད་པའི་གཅེན་མོ་ཚེ་རིང་ལྷག་སྐྱིད་དང་གཅུང་མོ་མིག་དམར་གཉིས་བསྟི་ཡག་གི་ལམ་བཟོའི་ལས་ཡུལ་དུ་གླ་པ་བྱེད་པར་སྔ་རྗེས་སུ་སླེབས།

    བསྟི་ཡག་བས་ཁོང་ཚོ་ལས་ལ་བརྩོན་པ་དང་སེམས་པ་བཟང་པོ་ཡོད་པ་མཐོང་བས་དབྱངས་སྒྲོན་གྱི་གཅེན་གཅུང་གཉིས་པོར་སྔ་རྗེས་སུ་ཁྱིམ་ཐབ་འཛིན་རྒྱུའི་སློང་ཆང་བཏང་། ལོ་དེར་གཅེན་མོ་ཚེ་རིང་ལྷག་སྐྱིད་དང་གཅུང་མོ་མིག་དམར་གཉིས་སྔ་རྗེས་སུ་བསྟི་ཡག་གི་ལྟོ་གོས་འཛོམས་པའི་ཁྱིམ་ཚང་ལ་མནའ་མར་སྟེར་བས་འཚོ་བ་འབྱོར་ཕྱུག་ལྡན་པ་ཞིག་སྐྱེལ་འགོ་ཚུགས། དབྱངས་སྒྲོན་གྱིས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་རྩྭ་མདའ་ནས་བསྟི་ཡག་དབར་གྱི་གཞུང་ལམ་སྐྲུན་འགོ་ཚུགས་པའི་གོ་སྐབས་དམ་འཛིན་བྱས་ཏེ་ས་གཞི་དེའི་སྟེང་རྩ་བ་བརྟན་པོ་ཞིག་ཚུགས་པར་བྱས་ཡོད།

    སྲིད་གཞུང་གིས་སྤྲད་པའི་སྣོད་བཅུད་ཁ་གསབ་མ་དངུལ་དང་མཐའ་མཚམས་མི་སེར་གྱི་ཁ་གསབ། དེ་བཞིན་བདེ་སྡོད་ལས་གྲྭ་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ཀྱི་རོགས་སྐྱོར་འོག་དབྱངས་སྒྲོན་དང་ཁྱོ་གས་སོ་སོར་དབང་བའི་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་བཙུགས། ད་ཆ་མུའུ་8ཡོད་པའི་ཤིང་ཏོག་ར་བའི་སྡོང་ཕྲུག་སྐྱེ་འཚར་ཡག་པོ་ཡོད་པ་དང་གཞུང་ལམ་འགྲམ་དུ་བཙུགས་པའི་ཇ་ཁང་གི་ཚོང་ཡང་ཡག་པོ་ཡོད། ཕྱུག་པོ་ཆགས་པའི་དབྱངས་སྒྲོན་ཁྱིམ་ལ་ད་དུང་འདྲུད་འཐེན་འཕྲུལ་འཁོར་གཅིག་དང་ཁྱིམ་སྤྱོད་རླངས་འཁོར་གཅིག་ཡོད་པ་རེད། དབྱངས་སྒྲོན་གྱི་ཁྱོ་གས་བསྟི་ཡག་ནས་སེང་གེ་ཁ་འབབ་བར་གྱི་ལམ་བུའི་ཐོག་འགྲུལ་ཟོག་སྐྱེལ་འདྲེན་གྱི་ལས་ལ་གཞོལ་བར་ཡོང་འབབ་དགའ་འོས་པ་ཞིག་བྱུང་ཡོད་པ་རེད།

    དེ་དག་ཚང་མ་ནི་བོད་ཀྱི་མཐའ་མཚམས་མི་སེར་ཚོར་འཛིན་པའི་རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོ་ལས་བྱུང་བ་ཞིག་ཡིན་པ་དབྱངས་སྒྲོན་གྱིས་གསལ་པོར་ཤེས་ཀྱི་ཡོད།

    ཕྱུག་པོ་ཆགས་པའི་དབྱངས་སྒྲོན་2015ལོར་ཏང་ནང་ཞུགས་པ་དང་ཇི་ལྟར་བྱས་ནས་གྲོང་ཚོའི་ནང་གི་མི་ཚང་མ་ཕྱུག་པོ་ཆགས་རྒྱུར་བསམ་བློ་གཏོང་འགོ་ཚུགས་པ་རེད། ད་ཆ་ཁོང་གིས་མཉམ་ལས་རྩ་འཛུགས་འཛུགས་རྒྱུར་འབད་འཐབ་བྱེད་བཞིན་ཡོད་པ་དང་ཁོང་གིས་བསྟི་ཡག་གི་ཡུལ་མི་སྤུན་མཆེད་ཚོས་བསྟི་ཡག་གི་སྟོད་ལྷེབ་བསླས་ནས་ཕྱུག་པོ་ཆགས་པ་བྱ་རྒྱུའི་བསམ་བློ་འཁོར།

    “ཁྱེད་ཀྱིས་དཀའ་སྤྱད་བྱེད་ཕོད་ན་དེ་གར་ཕྱུག་པོ་ཆགས་རྒྱུ་ནི་སྔ་ཕྱི་ཙམ་རེད”ཅེས་དབྱངས་སྒྲོན་གྱིས་བཤད།

    དམག་དམངས་མཉམ་འདྲེས་ཀྱིས་འཕེལ་རྒྱས་བཏང་བ།

    1982ལོ་ནས་བཟུང་གངས་ལྗོངས་སོ་ལྟ་ཁང་ལ་ཚལ་སྐྱེལ་མཁན་གྱི་གྲོ་མོ་རྫོང་གྲོ་མོ་སྨད་ཤང་རིན་ཆེན་སྒང་གྲོང་ཚོའི་ཨ་མ་རྒན་མོ་གསུམ་པོས་དུས་ཆེན་གལ་ཆེན་སྐབས་སོ་ལྟ་ཁང་གི་དཔོན་དམག་ཚོར་སྔར་བཞིན་ཚལ་སྐྱེལ་གྱི་ཡོད། ས་བབ་མཐོ་ཚད་སྨི་2800ནས་ས་བབ་མཐོ་ཚད་སྨི་4700བར་སྣུར་སྲིང་བྱས་པའི་དམག་བཀུར“མཁའ་ལམ”ད་དུང་སྣུར་སྲིང་བྱས་ཡོད་ཀྱང“མཁའ་ལམ”གཞོགས་གཉིས་ཀྱི་རིན་ཆེན་སྒང་གྲོང་ཚོ་དང་སོ་ལྟ་ཁང་ལ་སྔ་ས་ནས་གནམ་ས་བླ་འོག་ཏུ་གྱུར་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།

    རིན་ཆེན་སྒང་གྲོང་ཚོར་ཐང་ཆེན་གསར་སྐྲུན་བྱས་ནས་ཁྱིམ་གྱི་སྒོ་འགྲམ་དུ་ལུས་སྦྱོང་ཡོ་བྱད་སྒྲིག་སྦྱོར་བྱས་ཡོད་པ་རེད། 2011ལོའི་རྗེས་སུ་གྲོང་ཚོ་ཡོངས་ཀྱི་སྔོན་ཆད་ས་རྡོ་ལས་གྲུབ་པའི་ཁང་པ་ཚང་མ་བཤིག་ནས་སོ་ཕག་འདྲེས་མའི་ཁང་པ་གསར་རྒྱག་བྱས་པ་དང་སྣུམ་ནག་ལམ་ཁྱིམ་ཚང་ཚང་མའི་སྒོ་འགྲམ་དུ་ཤར་གཏོང་ཐུབ་ཡོད་པ་རེད།

    “ད་དུང་དྲ་རྒྱའང་ཤར་གཏོང་ཐུབ་ཡོད། ཕྲུ་གུ་ཚོས་ང་དྲན་སྐབས་ལག་ཐོགས་ཁ་པར་གྱི་བརྙན་ལམ་སྤྱད་ནས་འབྲེལ་བ་བྱེད་ཀྱི་ཡོད”ཅེས་ཚལ་སྐྱེལ་མཁན་གྱི་ཨ་མ་རྒན་མོ་ཚེ་རིང་ཆོས་སྒྲོན་གྱིས་བཤད་པ་དང་། ཁོང་གིས་རང་ཉིད་ལོ་ན་རྒས་ནའང་ད་དུང་དར་སོ་ཆེ་བའི་དུས་རབས་ཀྱི་རྗེས་སུ་སྙེག་རྒྱུ་བྱུང་བ་བསམ་བློར་ཡང་འཁོར་མྱོང་མེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་སྨད་ཀྱི་མཐའ་སྲུང་གཅེན་གཅུང་གསུམ་ལ་སྤྲིངས་གནང་བའི་འཕྲིན་ལན་གྱི་ནང་དོན་སྐོར་གླེང་སྐབས། ཚེ་རིང་ཆོས་སྒྲོན་གྱིས“སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མོལ་དུམ་བུ་རེ་རེ་ཐོས་རིམ་བཞིན་བྱམས་བརྩེ་ཆེ་བའི་སྣང་བ་ཞིག་བྱུང་ལ། བཀའ་མོལ་དེ་དག་རང་ཉིད་ལ་གསུངས་པ་ལྟར་སྣང”ཞེས་བཤད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་ཚོགས་འདུར་ཞུགས་སྐབས། དམག་དམངས་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་ནི་གཞི་གཅིག་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་དང་ནུས་པ་འཛུགས་སྐྱོང་བྱེད་པའི་ལྡོག་མེད་ཀྱི་གདམ་ག་ཞིག་རེད་ལ། ཏང་གིས་དུས་རབས་གསར་པར་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་མངོན་འགྱུར་ཡོང་བར་བྱེད་པའི་ལྡོག་མེད་ཀྱི་གདམ་ག་ཞིག་ཀྱང་རེད། རང་ལྗོངས་སུ་རིང་ཚད་སྤྱི་ལེ་4000ལྷག་ཙམ་ཟིན་པའི་མཐའ་མཚམས་ལམ་ཐིག་རིང་པོ་ཡོད་པ་དང་མང་ཆེ་བ་ནི་མི་མེད་ལུང་སྟོང་ཡིན་པས། དུས་ཡུན་རིང་པོའི་ནང་མཐའ་སྲུང་ལེན་ཏུའེ་དང་སོ་ལྟ་ཁང་མང་པོའི་འགན་ལེན་ནུས་པ་ཞན་ཙམ་ཡོད་པ་རེད།

    མཐའ་མཚམས་ཀྱི་འཐབ་ཕྱོགས་དང་པོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ལྷག་པར་དུ་འགྲོ་ལམ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་ནི་བོད་དམག་ཁུལ་ཁང་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་གྱི་ཆུ་ཚད་མཐོ་རུ་གཏོང་བའི་འགག་རྩ་ཞིག་རེད། འོན་ཀྱང་འཐབ་ཕྱོགས་དང་པོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པར་དམག་དམངས་མཉམ་སྐྲུན་དང་ཁ་བྲལ་ཐབས་མེད་པ་ནི་སྨོས་མེད་རེད།

    ད་ཆ་བྲག་ནང་སོ་ལྟ་ཁང་ལ་སྐྱོད་སའི་ལམ་མང་ཆེ་བ་ཤར་གཏོང་ཐུབ་པ་མ་ཟད་ལ་ཆའང་བཏིང་ཡོད། གཞན་ཡང་དམག་དམངས་མཉམ་སྐྲུན་གྱི་འབྲེང་ཟམ་སྐྱེལ་འདྲེན་ལམ་ཐིག་ཅིག་རི་མཐོའི་གྲོག་རོང་འཕྲེད་བརྒལ་བྱས་ནས་བྲག་ནང་སོ་ལྟ་ཁང་དུ་ཐད་ཀར་སླེབས་ཐུབ་པ་དང་མིས་དངོས་ཟོག་སྒལ་པར་འཁུར་ནས་སྐྱེལ་འདྲེན་བྱེད་པའི་ལོ་རྒྱུས་མཇུག་འགྲིལ་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།