[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་གཙོ་སྐྱོང་གནང་སྐབས།

    འགོ་ཁྲིད་ལ་ཤུགས་སྣོན་དང་། སྒྲིག་འཛུགས་ཞིབ་ཚགས། གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཀྲུང་དབྱང་དང་ས་གནས་ལས་ཁུངས་ཀྱི་སྒྱུར་བཅོས་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་དགོས་པའི་ནན་གསུངས་གནང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-13

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཟླ་5ཚེས་11ཉིན་གྱི་ཕྱི་དྲོ། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ལག་ལེན་བྱེད་གྱིན་ཕྱོགས་སྡོམ་བྱ་རྒྱུར་དོ་སྣང་བྱས་ཏེ་ཉམས་མྱོང་བཟང་པོ་ཡག་པོ་སྤྱོད་པ་དང་ས་གནས་ལས་ཁུངས་ཀྱི་སྒྱུར་བཅོས་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་ཀྲུང་དབྱང་དང་ས་གནས་ལས་ཁུངས་སྒྱུར་བཅོས་ཀྱི་ལས་དོན་བཀོད་སྒྲིག་དང་སྒྲིག་འཛུགས་ལག་བསྟར་ནུས་ལྡན་ངང་སྦྲེལ་མཐུད་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་སྟེ་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་དགོས་ཞེས་ནན་གསུངས་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། གཞུང་ཁོངས་ཁེ་ལས་རྒྱུ་ནོར་གྱི་བུ་ལོན་གཅུན་སྡོམ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དོན་འཁྱོལ་དང་གཞུང་ཁོངས་ཁེ་ལས་ཀྱི་འགྱོགས་མདའ་དམའ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་གཞུང་ཁོངས་ཁེ་ལས་ཀྱི་བུན་དོན་ཉེན་ཁ་འགོག་པ་དང་སེལ་བའི་བྱེད་ཐབས་གལ་ཆེན་ཞིག་རེད། ཁྱོན་ཡོངས་ལ་ཁྱབ་རྒྱུ་དང་རིགས་དབྱེ་དོ་དམ་ཟུང་འབྲེལ་མཐའ་འཁྱོངས་དང་ནང་ངོས་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་དང་ཕྱི་ངོས་གཅུན་སྡོམ་ལ་ཤུགས་སྣོན་རྒྱག་རྒྱུ་ཟུང་འབྲེལ་བྱས་ཏེ་གཞུང་ཁོངས་ཁེ་ལས་ཀྱི་རྒྱུ་ནོར་བུ་ལོན་གྱི་གཅུན་སྡོམ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་བརྒྱུད་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་རྩ་ལག་མཉམ་བཅོས་ཐུབ་པ་བྱས་ཏེ་བུ་ལོན་མང་པོ་ཟུག་པའི་གཞུང་ཁོངས་ཁེ་ལས་ཀྱི་རྒྱུ་ནོར་ལ་བུ་ལོན་ཟུག་ཚད་ལུགས་མཐུན་གྱི་ཆུ་ཚད་ཐོག་མགྱོགས་མྱུར་སླེབས་རྒྱུར་སྐུལ་འདེད་གཏོང་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཀྲུང་དབྱང་གི་ཏང་སྲིད་ལས་ཁུངས་དང་བྱ་གཞག་ཚན་པའི་གཉེར་སྐྱོང་རང་བཞིན་གྱི་གཞུང་ཁོངས་རྒྱུ་ནོར་གཅིག་སྡུད་གཅིག་གྱུར་གྱི་ལྟ་སྐུལ་དོ་དམ་གྱི་ཚོད་ལྟར་སྐུལ་འདེད་བཏང་སྟེ་སྲིད་ཁེ་ལོགས་དབྱེ་དང་། སྲིད་གཞུང་དང་རྒྱུ་ནོར་ལོགས་དབྱེ། དབང་བའི་དབང་ཆ་དང་གཉེར་སྐྱོང་དབང་ཆ་ལོགས་དབྱེ་བཅས་མཐའ་འཁྱོངས་ཀྱིས་ཀྲུང་དབྱང་གི་ཏང་སྲིད་ལས་ཁུངས་དང་བྱ་གཞག་ཚན་པས་གཉེར་བའི་ཁེ་ལས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། གཞུང་ཁོངས་མ་རྩའི་འཁོར་རྒྱུག་ལས་སྟེགས་བསྐྲུན་པ། གཞུང་ཁོངས་མ་རྩའི་ཁྱབ་ཚུལ་གྲུབ་ཆ་བཟང་སྒྲིག གཞུང་ཁོངས་མ་རྩ་བཀོད་སྒྲིག་དང་ལྟ་སྐུལ་དོ་དམ་གྱི་ཕན་འབྲས་ཆེ་རུ་གཏོང་བ། གཞུང་ཁོངས་རྒྱུ་ནོར་བར་དུ་ཐིམ་རྒྱུ་འགོག་པ་བཅས་བྱས་ནས་ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་དང་གཉེར་སྐྱོང་རང་བཞིན་གྱི་གཞུང་ཁོངས་རྒྱུ་ནོར་གྱི་རིན་ཐང་བརྟན་སྲུང་དང་འཕར་ཐུབ་པ་བྱེད་དགོས།

    ཚོགས་འདུའི་ཐོག་བསྟན་དོན། མཐོ་སློབ་ཁོངས་གཏོགས་ཀྱི་ཁེ་ལས་སྒྲིག་གཞི་སྒྱུར་བཅོས་བྱེད་པར། གཞུང་ཁོངས་རྒྱུ་ནོར་དོ་དམ་སྒྲིག་གཞི་སྒྱུར་བཅོས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་སློབ་གསོའི་ཆོས་ཉིད་དང་ཁྲོམ་རའི་དཔལ་འབྱོར་གྱི་ཆོས་ཉིད་ལ་བརྩི་འཇོག་དང་། མཐོ་སློབ་ཁོངས་གཏོགས་ཀྱི་ཁེ་ལས་ཕྱོགས་ཡོངས་ནས་གཙང་སེལ་དང་ཚད་ལྡན་བཟོ་བ། བདག་དབང་དང་འགན་འཁྲིའི་འབྲེལ་བ་གསལ་པོ་བཟོ་བ། རིགས་དབྱེའི་ཐོག་ནས་སྒྱུར་བཅོས་ལས་དོན་ལག་བསྟར་བཅས་བྱས་ཏེ་མཐོ་སློབ་ཀྱིས་སེམས་ནུས་གཅིག་སྒྲིལ་གྱིས་སློབ་གྲྭ་གཉེར་རྒྱུ་དང་ནང་གནས་རྣམ་པའི་འཕེལ་རྒྱས་མངོན་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཁེ་ལས་ཀྱིས་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་ཐེབས་རྩའི་ཀྲུང་དབྱང་གི་སྙོམས་སྒྲིག་ལམ་ལུགས་འཛུགས་པ་དེ་ནི་རྒན་གསོ་འགན་བཅོལ་རྒྱལ་ཡོངས་ཀྱིས་སྤྱི་འདོམས་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད། རང་རྒྱལ་གྱི་གཞི་རྩའི་རྒྱལ་བབ་དང་རྒན་གསོ་འགན་བཅོལ་ལམ་ལུགས་འཛུགས་རྒྱུའི་དོན་དངོས་ནས་འགོ་བཙུགས་ཏེ་སྤྱི་ཚོགས་ཀྱི་ཁྱོན་ཡོངས་ཀྱི་ཁུར་པོ་ལྕི་རུ་མི་གཏོང་བ་དང་རྒན་གསོ་འགན་བཅོལ་གྱི་གྲོན་དངུལ་འཇལ་བའི་བསྡུར་ཚད་མཐོ་རུ་མི་གཏོང་བའི་རྨང་གཞིའི་ཐོག་ཀྲུང་དབྱང་གིས་ཐེབས་རྩ་གྲབས་གསོག་དང་། ཐེབས་རྩ་གཏོང་སྤྲོད། ཐེབས་རྩ་དོ་དམ། ཀྲུང་དབྱང་ནོར་སྲིད་ཀྱི་ཁ་གསབ་བཅས་སྙོམས་སྒྲིག་བྱས་ཏེ་ས་ཁུལ་དབར་གྱི་ཐེབས་རྩའི་ཁུར་པོ་ལུགས་མཐུན་ངང་དོ་སྙོམས་ཡོང་བ་དང་། ཐེབས་རྩ་བདེ་འཇགས་དང་རྒྱུན་མཐུད་ཡོང་རྒྱུ་མངོན་འགྱུར། ནོར་སྲིད་ཀྱི་ཁུར་པོ་ཚོད་འཛིན་བཅས་བྱས་ནས་ས་གནས་ཁག་གི་རྒན་གསོའི་དངུལ་དུས་ཐོག་དང་གྲངས་ཚང་ངང་སྤྲོད་རྒྱུ་འགན་ལེན་བྱེད་དགོས།

    ཚོགས་འདུའི་ཐོག་བསྟན་དོན། ཀྲུང་དབྱང་གི་ཁེ་ལས་ཀྱི་འགོ་ཁྲིད་མི་སྣའི་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་པར། ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་དང་། ཁྲོམ་རའི་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བྱ་རྒྱུ་མཐའ་འཁྱོངས། སྤྱོད་ཡོན་གཉིས་ལྡན་དང་ཀུན་སྤྱོད་སྔོན་དུ་འཇོག་རྒྱུ་མཐའ་འཁྱོངས། དོ་དམ་ནན་པོ་དང་གཅེས་སྐྱོང་ཟུང་འབྲེལ། སྐུལ་ལྕག་དང་གཅུན་སྡོམ་གལ་ཆེ་མཉམ་དུ་འཇོག་རྒྱུ་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་གཞུང་ཁོངས་ཁེ་ལས་ལམ་ལུགས་ཀྱི་བླང་བྱ་དང་ཁྲོམ་རའི་འགྲན་རྩོད་དགོས་མཁོ་དང་འཚམ་པའི་མི་འདེམས་སྤྱོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ཏང་ལ་བློ་དཀར་སེམས་དཀར་དང་། གསར་གཏོད་བྱེད་ཕོད་པ། ཁེ་ལས་སྐྱོང་རྒྱུར་ཇུས་འདོན་ཐུབ་པ། ཁེ་ལས་དར་རྒྱས་གཏོང་རྒྱུར་བྱས་རྗེས་འཇོག་ཐུབ་པ། སྤྱོད་གཙང་གཞུང་དྲང་བཅས་ཀྱི་ཀྲུང་དབྱང་ཁེ་ལས་ཀྱི་འགོ་ཁྲིད་མི་སྣའི་དཔུང་ཁག་འཛུགས་སྐྱོང་བྱེད་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཆགས་ས་བརྟེན་ས་མེད་པའི་འཁྱམ་པོ་དང་སློང་མོ་བར་རོགས་སྐྱོབ་དང་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བར་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་མཐའ་ཚད་སྐྱོང་བ་དང་། དྲ་མིག་ཚགས་དམ་དུ་གཏོང་བ། ལམ་སྲོལ་འཛུགས་པ་བཅས་ཀྱི་བླང་བྱ་གཞིར་བཟུང་། སྒྲིག་སྲོལ་ལམ་སྲོལ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། འགན་འཁྲིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གཏོགས་ཁོངས་ཀྱི་འགན་འཁྲི་ཁ་གསལ་བཟོ་བ། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། འགན་འཁྲི་བདའ་འདེད་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་འཁྱམ་པོ་དང་སློང་མོ་བའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་དགོས།

    ཚོགས་འདུའི་ཐོག་བསྟན་དོན། སྨན་བཅོས་འཕྲོད་བསྟེན་ལས་རིགས་ཀྱི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་ལམ་ལུགས་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ་མི་དམངས་མང་ཚོགས་ཀྱི་བདེ་ཐང་ཁེ་དབང་སྲུང་སྐྱོང་བྱ་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་གཏོང་བའི་ཆོས་ཉིད་དང་ཁྱད་ཆོས་གནད་ལ་འཁེལ་པོས་སྟངས་འཛིན་བྱེད་པ་དང་ལྟ་སྐུལ་དོ་དམ་གྱི་འདུ་ཤེས་དང་། སྒྲིག་སྲོལ། བྱེད་ཐབས་བཅས་ལེགས་སུ་བཏང་སྟེ། གཞུང་བཙུགས་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་གཙོ་གནད་ཐོག་ལྟ་སྐུལ་དོ་དམ་བྱེད་པ་ནས་ལས་རིགས་ཡོངས་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་བསྒྱུར་བ་དང་། ལས་དོན་མ་བསྒྲུབ་གོང་ཞིབ་མཆན་འགོད་རྒྱུར་སྣང་ཆེན་བྱེད་པ་ནས་ལས་དོན་སྒྲུབ་སྐབས་དང་སྒྲུབ་རྗེས་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱ་རྒྱུར་སྣང་ཆེན་བྱེད་པར་བསྒྱུར་བ། ཕྱོགས་རྐྱང་པའི་ལྟ་སྐུལ་དོ་དམ་ནས་ཕྱོགས་བསྡུས་མཐུན་སྦྱོར་གྱི་ལྟ་སྐུལ་དོ་དམ་བྱ་རྒྱུར་བསྒྱུར་བ་བཅས་བྱས་ནས་ལྟ་སྐུལ་དོ་དམ་གྱི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས།

    ཚོགས་འདུའི་ཐོག་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་གཞིར་བཟུང་། ས་གནས་ལས་ཁུངས་ཀྱི་སྒྱུར་བཅོས་དུས་ཚོད་དམ་འཛིན་ངང་འགོ་འཛུགས་པ་དང་རིམ་གྱིས་སྐུལ་འདེད་གཏོང་དགོས། སྤྱིའི་བླང་བྱ་ནི་ལས་ཁུངས་སྒྱུར་བཅོས་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་གནད་ལ་འཁེལ་པོས་ལག་བསྟར་དོན་འཁྱོལ་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་གོང་འོག་ཤར་བགྲོད་དང་ལག་བསྟར་ནན་ཏན་བྱ་རྒྱུ་འགན་ལེན་བྱེད་དགོས། ཞིང་ཆེན་རིམ་པ་དང་དེ་བཞིན་དེ་མན་གྱི་སྒྲིག་གཞིར་རང་བདག་དབང་ཆ་མང་ཙམ་སྤྲད་དེ་ས་གནས་ཀྱི་ཡུལ་བབ་དང་བསྟུན་ནས་ལས་ཁུངས་འཛུགས་པ་དང་འགན་ནུས་བཀོད་སྒྲིག་བྱེད་ཆོག རིམ་ཁག་ཏང་སྲིད་ལས་ཁུངས་ཀྱི་བཅད་གྲངས་དོ་དམ་ནན་པོ་བྱས་ཏེ་སྒྲིག་ཁོངས་དོ་དམ་གྱི་གཅུན་སྡོམ་ནན་པོར་ཤུགས་སྣོན་རྒྱག་དགོས། མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་སྟབས་བདེ་སྐྲུན་རྒྱུ་དང་གཞི་རིམ་ལས་དོན་གྱི་ཁྱད་ཆོས་དང་འཚམ་རྒྱུར་དམིགས་ཏེ་སྟབས་བདེ་ལ་ཕན་འབྲས་ཆེ་བའི་གཞི་རིམ་དོ་དམ་གྱི་སྒྲིག་སྲོལ་འཛུགས་དགོས། ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་ཁྲོམ་རའི་ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པ་དེ་རེད།

    ས་གནས་ཏང་ཨུད་ཀྱིས་ལས་ཁུངས་སྒྱུར་བཅོས་ལས་དོན་གྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ལས་ཁུངས་སྒྱུར་བཅོས་ཀྱི་ཇུས་གཞི་བཟོ་བ་དང་སྒྲིག་འཛུགས་ལག་བསྟར་གྱི་བྱ་ཐབས་སྤྱི་འདོམས་ཞིབ་འཇུག་བྱས་ནས་བསམ་བློ་ཆབ་སྲིད་ལས་དོན་སྒྱུར་བཅོས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པ་བྱས་ཏེ་སྒྱུར་བཅོས་བྱེད་རིང་གི་ལས་དོན་ཁག་རྒྱུན་མཐུད་བརྟན་པོ་ཡོང་རྒྱུ་འགན་ལེན་བྱེད་དགོས། ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཏང་ཨུད་ཀྱི་འགན་ནུས་སྡེ་ཚན་དང་སྲིད་གཞུང་གྲུབ་ཆའི་སྡེ་ཚན་གྱིས་སྤྱི་ཡོངས་ནས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྲིག་གཞི་དང་མཐུན་པ་བྱེད་དགོས། དེའི་རྨང་གཞིའི་ཐོག་ས་གནས་ཁག་གིས་ཡུལ་དེའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཁྱད་ཆོས་དང་ལས་ཀའི་དགོས་མཁོ་གཞིར་བཟུང་ཡུལ་བབ་དང་བསྟུན་ནས་འབྲེལ་ཡོད་ལས་ཁུངས་བཀོད་སྒྲིག་བྱེད་ཆོག འགན་འཁྲི་ལེགས་སུ་གཏོང་བའི་ཐད་འབད་བརྩོན་བྱས་ཏེ་གོང་འོག་གི་འགན་འཁྲི་ཤར་བགྲོད་དང་སྦྲེལ་མཐུད་ཐུབ་པ་བྱེད་དགོས། འབྲེལ་ཡོད་ཕྱོགས་ཀྱིས་ས་གནས་ལས་ཁུངས་སྒྱུར་བཅོས་ལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་གནས་ཚུལ་དང་གནད་དོན་ཁ་གསལ་མཐིལ་རྟོགས་བྱས་ནས་རིམ་གྱིས་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།