[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མར་ཁེ་སི་སྐུ་འཁྲུངས་ནས་ལོ་200འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་བོད་ལྗོངས་སུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-10

    མར་ཁེ་སི་སྐུ་འཁྲུངས་ནས་ལོ་200འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཟླ་5ཚེས་4ཉིན་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་པ་དང་། རང་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཉམ་དུ་ཚོགས་ཆེན་གྱི་ཐད་གཏོང་གནས་ཚུལ་ལ་ལྟ་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནན་ཏན་ངང་ཉན་པ། མར་ཁེ་སིའི་བརྩམས་ཆོས་གསུང་རབ་ལ་སློབ་སྦྱོང་བྱེད་པ། སློབ་སྦྱོང་གི་མྱོང་ཚོར་འབྲི་བ་སོགས་ཀྱི་རྣམ་པའི་ཐོག་ནས་མར་ཁེ་སི་སྐུ་འཁྲུངས་ནས་ལོ་200འཁོར་བར་དྲན་གསོ་ཞུས་ཡོད། ཚང་མས་མར་ཁེ་སིའི་རླབས་ཆེ་བའི་མི་གཤིས་དང་ལོ་རྒྱུས་ལ་བཞག་པའི་མཛད་རྗེས་ལ་དྲན་གསོ་དང་སྦྲགས་མར་ཁེ་སི་རིང་ལུགས་སློབ་སྦྱོང་དང་ལག་བསྟར་བྱས་ནས་རླབས་ཆེན་མི་སྣའི་དགོངས་པའི་མཛུབ་ཁྲིད་འོག་འབད་འབུངས་མདུན་སྐྱོད་བྱ་རྒྱུ་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བཤད་པ་རེད།

    “མར་ཁེ་སིའི་སྐུ་ཚེ་ཧྲིལ་པོའི་འགན་འཁྲི་ནི་མི་དམངས་བཅིངས་འགྲོལ་གཏོང་ཆེད་འབད་འཐབ་གནང་རྒྱུ་དེ་ཡིན་པ་དང་། ཁོང་གི་མཚན་ཐོག་ནས་བཏགས་པའི་མར་ཁེ་སི་རིང་ལུགས་ནི་སྐུ་ཉིད་འཚོ་བཞུགས་སྐབས་ཀྱི་དུས་རབས་དང་འཛམ་གླིང་ལ་ཉམས་ཞིབ་ཟབ་མོ་གནང་བ་ཞིག་དང་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་ཟབ་མོ་ཆུད་པར་བྱས་པ་ཞིག་ཡིན་པས། དེས་མིའི་རིགས་ཀྱིས་ལོ་རྒྱུས་ཀྱི་ཆོས་ཉིད་འཚོལ་ཞིབ་དང་རང་ངོས་བཅིངས་འགྲོལ་གཏོང་བའི་འགྲོ་ལམ་འཚོལ་རྒྱུར་ལམ་སྟོན་བྱས་ཡོད”ཅེས་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་བརྟག་ཞིབ་ཁྲུའི་ཁྲུའུ་ཀྲང་གཞོན་པ་ཀྲའོ་ལི་མིང་གིས་དེ་ལྟར་བཤད།

    ཚང་མས་ཚོགས་ཆེན་གྱི་ཐད་གཏོང་གཅིག་སྡུད་ཐོག་ལྟ་བའི་བརྒྱུད་རིམ་ཁྲོད། ཀྲའོ་ལི་མིང་གིས་ཕྱོགས་གཅིག་ནས་བརྙན་ཤེལ་ཆེ་མོར་ནན་གྱིས་ལྟ་བ་དང་། གཅིག་ཤོས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་གཙོ་གནད་ཟིན་བྲིས་བརྒྱབ་པ་དང་ཡང་སྐབས་རེ་ཡི་གེ་འབྲི་མཚམས་བཞག་ནས་བསམ་བློ་ཞིབ་ཕྲ་གཏོང་བཞིན་ཡོད། ཁོང་གིས་མར་ཁེ་སི་རིང་ལུགས་ནི་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བའི་སྒོ་དབྱེའི་རིགས་པའི་གཞུང་ལུགས་ཤིག་ཡིན་པས་དུས་དང་རྣམ་པ་ཀུན་ཏུ་དུས་རབས་ཀྱི་མདུན་གྲལ་དུ་གནས་པ་ཞིག་ཡིན། “མར་ཁེ་སི་རིང་ལུགས་སློབ་སྦྱོང་དང་ལག་ལེན་ཡག་པོ་བྱེད་པ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་ཁྲོད་ལག་བསྟར་དོན་འཁྱོལ་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་གྲུ་གཟིངས་ཆེན་པོ་སྔ་ཕྱི་བར་གསུམ་དུ་ཡང་དག་པའི་ཕྱོགས་སུ་རླབས་གཤགས་མདུན་སྐྱོད་བྱ་རྒྱུ་འགན་ལེན་བྱེད་པ་ཞིག་ཡིན”པའི་ངོས་འཛིན་བྱས།

    རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་རིག་རྩལ་ཁྲུའི་ལས་བྱེད་པ་དབྱང་ཞན་ཀྲུའུ་ཡིས། མར་ཁེ་སི་རིང་ལུགས་ནི་མི་དམངས་ཀྱི་རིགས་པའི་གཞུང་ལུགས་ཤིག་ཡིན་པ་དང་། དེར་མི་དམངས་ཀྱི་རང་བཞིན་ལྡན་པ་ནི་མར་ཁེ་སི་རིང་ལུགས་ཀྱི་གཤིས་ལུགས་མངོན་གསལ་དོད་ཤོས་ཤིག་ཡིན། “རིག་རྩལ་ལས་དོན་ཁྲོད་རིག་གནས་འཛུགས་སྐྱོང་སྐོར་གྱི་མར་ཁེ་སི་རིང་ལུགས་ཀྱི་དགོངས་པ་མཐའ་འཁྱོངས་ཀྱིས་མི་དམངས་རིག་རྩལ་གསར་རྩོམ་གྱི་ལྟེ་བར་འཛིན་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཚང་མར་ཁྱབ་པར་བྱས་ཏེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་ལྡན་པའི་ངང་གཞན་བསྒྱུར་དང་གསར་གཏོད་ལྡན་པའི་ངང་འཕེལ་རྒྱས་ཡོང་བར་སྐུལ་མ་གཏོང་དགོས”པའི་ངོས་འཛིན་བྱས་པ་རེད།

    “ཉེ་བའི་ལོ་ཤས་རིང་། སྡེ་ཁུལ་གྱིས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་དང་གྲོང་མིའི་ཡོང་འབབ་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ་བྱིས་པར་སྐྱོང་མཁན་ཡོད་པ་དང་། སྦྱོང་དུས་སློབ་མཁན་ཡོད་པ། ལས་ཀར་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་བརྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། སྐྱོ་པོར་སྐྱོར་མཁན་ཡོད་པ་བཅས་མངོན་འགྱུར་བྱུང་ཡོད། འཕེལ་རྒྱས་ཀྱི་གྲུབ་འབྲས་འདི་དག་མར་ཁེ་སི་རིང་ལགས་ཀྱི་རྩ་བའི་རིགས་པ་དང་སྡེ་ཁུལ་གྱི་དོན་དངོས་ལས་དོན་ཟུང་དུ་འབྲེལ་བ་དང་ཁ་འབྲལ་ཐབས་མེད”ཅེས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲྭ་བཞི་སྡེ་ཁུལ་གྲོང་ལྷན་གྱི་གྲོང་མི་ཟླ་སྒྲོན་གྱིས་དེ་ལྟར་བཤད།

    རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་འབད་བརྩོན་འོག རང་ལྗོངས་ཀྱིས་རྒྱུན་ཆད་མེད་པར་དམངས་འཚོ་འགན་ལེན་དང་ལེགས་སུ་བཏང་ནས་སྤྱི་ཚོགས་དྲང་གཞག་དྲང་བདེན་ཡོང་བར་སྐུལ་འདེད་བཏང་སྟེ་འཕེལ་རྒྱས་གྲུབ་འབྲས་ཀྱི་ཕན་པ་དེ་བས་མང་བ་དང་དེ་བས་དྲང་གཞག་ངང་མི་དམངས་ཡོངས་ལ་ཐོབ་པར་བྱས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ་མངོན་འགྱུར་བྱེད་པའི་ཕྱོགས་སུ་རྒྱུན་ཆད་མེད་པར་བསྐྱོད་བཞིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།