[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཆེ་དགྲ་ལྷས་བོད་ལྗོངས་ཀྱིས་ཆ་འཕྲིན་ཅན་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་ཐད།

    ཕྱོགས་ཡོངས་ནས་དྲ་རྒྱའི་བདེ་འཇགས་འགན་ལེན་དང་ཆ་འཕྲིན་ཅན་འཕེལ་རྒྱས་ཀྱི་སྣེ་ཁྲིད་ནུས་པ་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ།

    ཀྲོང་ཡན་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-10

    ཚེས་7ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་རྒྱལ་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གྱི་ཆེད་དོན་ཚོགས་འདུ་དང་ཆ་འཕྲིན་ཐོན་ལས་འཕེལ་རྒྱས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། ལྗོངས་ཆ་འཕྲིན་ཐོན་ལས་འཕེལ་རྒྱས་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཆེ་དགྲ་ལྷས་ཞི་ཅིན་ཕིང་གི་དྲ་རྒྱར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་རྒྱུའི་འཐབ་ཇུས་ཀྱི་དགོངས་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅིས་རྒྱལ་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས་པ་དང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཀྱི་ལས་ཀའི་བླང་བྱར་གཞིགས་ཏེ་ཡང་དག་པའི་དྲ་རྒྱའི་བདེ་འཇགས་ཀྱི་ལྟ་བ་འཛུགས་པ་དང་། ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱེད་པ། གཟེར་འདེབས་སྙིང་སྟོབས་ཀྱིས་ཕྱོགས་ཡོངས་ནས་རང་ལྗོངས་ཀྱི་དྲ་རྒྱའི་བདེ་འཇགས་འགན་ལེན་དང་ཆ་འཕྲིན་ཅན་འཕེལ་རྒྱས་ཀྱི་སྣེ་ཁྲིད་ནུས་པ་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དབང་ཧའེ་ཀྲོའུ་བཅས་ཚོགས་འདུར་ཕེབས་པ་རེད།

    ཆེ་དགྲ་ལྷས་བོད་ནི་ས་རྒྱ་ཆེ་ལ་མི་ཚོགས་ཁ་ཐོར་དུ་གནས་ཡོད་པས་གྲངས་གཞིའི་བོད་ལྗོངས་མགྱོགས་མྱུར་བསྐྲུན་པ་དང་། ཆ་འཕྲིན་ཅན་གྱི“མྱུར་བགྲོད་ལམ་བུ”ཡག་པོ་བསྐྲུན་པ། གྲངས་གཞིས་གོ་མང་པོ་ཆོད་པ་དང་མང་ཚོགས་ཕར་རྒྱུག་ཚུར་རྒྱུག་ཉུང་ཙམ་བྱེད་པ་བཅས་ནི་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་ལག་ལེན་བསྟར་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་རྩོམ་རྒྱུའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཀྱང་རེད། རིམ་ཁག་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ངོས་འཛིན་གོང་མཐོར་གཏོང་བ་དང་ནུས་ལྡན་གྱི་བྱ་ཐབས་སྤྱད་ནས་ཆ་འཕྲིན་ཅན་འཕེལ་རྒྱས་མགྱོགས་སུ་གཏོང་དགོས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ལས་དོན་གྱི“མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་བརྟན་པོ་འཛུགས་པ། རྒྱལ་ཁབ་ཀྱི་བདེ་འཇགས་དང་དཔལ་འབྱོར་དང་སྤྱི་ཚོགས་བརྟན་ལྷིང་ཁྲོད་ཀྱི་དྲ་རྒྱའི་བདེ་འཇགས་ཀྱི་གནས་བབ་གལ་ཆེན་ལ་ངོས་འཛིན་གང་ལེགས་ཐུབ་པ་བཅས་བྱས་ནས་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་དྲ་རྒྱའི་བདེ་འཇགས་འགོག་སྲུང་བྱ་ཤུགས་ཆེ་རུ་བཏང་སྟེ་དྲ་རྒྱའི་བདེ་འཇགས་འགན་ལེན་གྱི་མ་ལག་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།

    ཆེ་དགྲ་ལྷས་ཆ་འཕྲིན་ཅན་གྱི་སྐུལ་འདེད་དང་ཁྲིད་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་དང་། དམིགས་ཚད་དགོས་མཁོའི་སྟོན་ཕྱོགས་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། ཕྱོགས་ཡོངས་ནས་རྣམ་གྲངས་གསེད་དཀྲོལ། རིགས་ཁག་གི་ཐོན་ཁོངས་བསྡུ་སྒྲིལ། རྣམ་གྲངས་འཛུགས་སྐྲུན་ཚད་ལྡན་དུ་གཏོང་བ་དང་འབྲེལ། ནང་སའི་ཞིང་ཆེན་དང་གྲོང་ཁྱེར་གྱི་སྔོན་ཐོན་ཉམས་མྱོང་དང་གཉེར་སྐྱོང་དོ་དམ་གྱི་རྣམ་པ་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས་བོད་སྐྱོར་གྱི་ལེགས་ཆར་བརྟེན་ནས“དྲ་རྒྱ་+སྲིད་དོན་ཞབས་ཞུའི”སྟེགས་བུ་དང་སྲིད་དོན་གྱི་ཆ་འཕྲིན་མཉམ་སྤྱོད་དང་བརྗེ་རེས་ཀྱི་སྟེགས་བུ་སོགས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་ལས་འགན་མགྱོགས་མྱུར་ངང་ལེགས་གྲུབ་བྱེད་པ། རང་སྐྱོང་ལྗོངས་ཀྱི་གཅིག་གྱུར་རྨང་གཞིའི་སྤྲིན་ཚོགས་སྟེགས་བུ་འཐུས་སྒོ་ཚང་དུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་ཁྱབ་ཁོངས་ཁག་གི་ཆ་འཕྲིན་གྱི་འགག་གནད་སེལ་བ་བཅས་བྱས་ནས་སྤྱི་ཚོགས་བཅོས་སྐྱོང་དང་། སྤྱི་པའི་ཞབས་ཞུ། ཉེན་ཁར་འགོག་ཟོན། དབུལ་སྒྲོལ་འགག་སྒྲོལ། སྣོད་བཅུད་སྲུང་སྐྱོང་སོགས་ཁྱབ་ཁོངས་ཁག་ནང་གྲངས་གཞི་ཆེན་པོའི་གནད་ལ་སྨིན་པའི་ཕན་འབྲས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་པ་དང་། ཐོན་ཁུངས་བཀོད་སྒྲིག་ལེགས་གཏོང་། ཆ་འཕྲིན་ཅན་གྱི་ཀུང་སི་མགྱོགས་མྱུར་སྐྲུན་པ། ཆ་འཕྲིན་ཅན་འཛུགས་སྐྱོང་ལ་འདེགས་སྐྱོར་ཐུབ་པའི་ཆེད་ལས་ཤེས་ལྡན་པའི་དཔུང་ཁག་ཁག་གཅིག་གཏོད་པ། དྲ་སྦྲེལ་དང་། གྲངས་གཞི་ཆེ་མོ། མི་ཐབས་རིག་ནུས། དངོས་ཚན་དཔལ་འབྱོར་བཅས་མཉམ་འདྲེས་གཏིང་ཟབ་ཐུབ་རྒྱུར་དམ་འཛིན་ཡག་པོ་བྱེད་པ། རང་ལྗོངས་ཀྱི་མཐོ་གསར་གྲངས་གཞིའི་ཐོན་ལས་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས་རང་ལྗོངས་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་སྒུལ་ནུས་གསར་པ་ཆེན་པོ་འདོན་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།