[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མར་ཁེ་སི་སྐུ་འཁྲུངས་ནས་ལོ་200འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད་གལ་ཆེན་ལ་བོད་ཀྱི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

    འགྱུར་མེད་ཀྱི་དད་སེམས་དང་ཤེས་སྦྱོར་གཅིག་མཐུན་གྱིས་བདེན་དོན་དཔལ་འབར་གྱི་བརྒྱུད་སྤྲོད་པ་ཞིག་བྱེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-07

    ལོ་200ཡི་རིང་གསར་བརྗེ་མཁས་ཅན་དང་བསམ་བློ་མཁས་ཅན་ཡིན་པའི་མར་ཁེ་སི་འཛམ་གླིང་འདི་ལས་ཞལ་གཏན་ནས་བྲལ་མྱོང་མེད་ལ་ང་ཚོ་དང་ཡང་ཞལ་གཏན་ནས་བྲལ་མྱོང་མེད། ཚེས་4ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མར་ཁེ་སི་སྐུ་འཁྲུངས་ནས་ལོ་200འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད་གལ་ཆེན་ལ་རང་ལྗོངས་སུ་གྲོས་བསྡུར་འཁྲུག་པོ་བྱས་པ་རེད། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ནི་མཐོ་གཟིགས་འོག་བསྐྱངས་དང་། གཟིགས་རྒྱང་ཡངས་པ། དགོངས་པ་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡོད་པས་དེ་ནི་འོད་སྟོང་འཕྲོ་བའི་མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན་པའི་ངོས་འཛིན་བྱས་པ་རེད། ཚང་མས་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ནས་བདེན་དོན་གྱི་དཔལ་འབར་བརྒྱུད་སྤྲོད་པ་ཞིག་བྱས་ཏེ་གསུང་བཤད་ཀྱི་དགོངས་དོན་དངོས་ཡོད་ཀྱི་ལས་དོན་ཁྲོད་ཏན་ཏིག་ཁྱབ་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མར་ཁེ་སིས་ང་ཚོར་བཞག་གནང་བའི་རིན་ཐང་ཆེ་ཤོས་དང་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་བསམ་པའི་རྒྱུ་ནོར་ནི་ཁོང་གི་མཚན་ཐོག་ནས་བཏགས་པའི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས—མར་ཁེ་སི་རིང་ལུགས་དེ་ཡིན། རིགས་པའི་གཞུང་ལུགས་དེས་ཞོགས་པའི་ཉི་གཞོན་ལྟར་མིའི་རིགས་ཀྱིས་ལོ་རྒྱུས་ཀྱི་ཆོས་ཉིད་འཚོལ་ཞིབ་དང་རང་ངོས་ཀྱི་བཅིངས་འགྲོལ་དོན་གཉེར་བྱེད་པའི་འགྲོ་ལམ་ལ་འོད་ཟེར་སྦྱིན་ཡོད་ཅེས་ནན་བཤད་གནང་བ་རེད།

    “ང་ཚོས་མར་ཁེ་སི་རིང་ལུགས་དང་ཀྲུང་གོའི་གསར་བརྗེའི་ལག་ལེན་ཟུང་འབྲེལ་བྱས་ཏེ་མའོ་ཙེ་ཏུང་གི་དགོངས་པ་ཐོན་པ་དང་ལག་ལེན་དང་ཟུང་འབྲེལ་བྱས་ནས་བཟོ་ཞིང་མཉམ་འབྲེལ་གྱི་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འགྲོ་ལམ་ཞིག་ཐོག་བསྐྱོད་དེ་ཀྲུང་གོ་གསར་པ་བསུས་ཡོད། དེ་རྗེས་ང་ཚོས་སླར་ཡང་མར་ཁེ་སི་རིང་ལུགས་དང་ཀྲུང་གོའི་སྒྱུར་བཅོས་ཀྱི་ལག་ལེན་ཟུང་འབྲེལ་བྱས་ཏེ་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་ཐོན་པ་དང་ཆུ་ལ་དཔགས་ནས་རགས་རྒྱག་པ་ལྟར་ལག་ལེན་ཁྲོད་སྒྱུར་བཅོས་སྒོ་དབྱེའི་ལམ་བུ་འཚོལ་ཞིབ་བྱས་པར་འཇིག་རྟེན་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད། ད་ཆ་ང་ཚོས་སླར་ཡང་ཞིབ་ཕྲའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལག་ལེན་དང་ཟུང་འབྲེལ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལམ་བུའི་ཐོག་མུ་མཐུད་སྐྱོད་པ་དང་། གོ་ལ་ཧྲིལ་པོའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པ། འཛམ་གླིང་ཡོངས་ཀྱི་འབྱོར་མེད་གྲལ་རིམ་མཉམ་འབྲེལ་བྱས་ཏེ་སྔར་བྱུང་མ་མྱོང་བ་དང་རྗེས་སུ་ཤུལ་འཛིན་པ་ཡོད་པའི་གུང་ཁྲན་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་གསར་སྐྲུན་བྱ་རྒྱུ་མངོན་འགྱུར་བྱེད་བཞིན་ཡོད”བོད་ལྗོངས་སློབ་ཆེན་སྲིད་ཁྲིམས་སློབ་གླིང་གི་ཡོན་ཀྲང་གཞོན་པ་ལི་ཁོའོ་ཡིས་མར་ཁེ་སི་རིང་ལུགས་ནི་སྔར་ནས་ལུང་འཛིན་ཙམ་མིན་པར་ལག་ལེན་བྱ་རྒྱུ་ནི་མར་ཁེ་སི་རིང་ལུགས་ཀྱི་ཆེས་རྩ་བའི་ཆོས་དོན་རང་བཞིན་ཞིག་ཡིན་ཞེས་བཤད།

    བོད་ལྗོངས་མི་རིགས་སློབ་ཆེན་གྱི་མི་རིགས་ཁག་གི་དགེ་སློབ་ཀྱིས་ཚོགས་ཆེན་གྱི་ནང་དོན་དངོས་གཅིག་སྡུད་ཐོག་ལྟ་ཉན་གྱི་རྣམ་པ་བརྒྱུད་འཕྲལ་མ་ཉིད་དུ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ཉན་པ་དང་སློབ་སྦྱོང་བྱས་ཏེ་མར་ཁེ་སི་རིང་ལུགས་ཀྱི་སྲོལ་གཏོད་པ་དང་འཛམ་གླིང་ཡོངས་ཀྱི་འབྱོར་མེད་གྲལ་རིམ་དང་ངལ་རྩོལ་མི་དམངས་ཀྱི་རླབས་ཆེན་སློབ་དཔོན་དེར་མཉམ་དུ་དྲན་གསོ་ཞུས་ཡོད། སློབ་གྲྭ་དེའི་མི་རིགས་ཞིབ་འཇུག་ཁང་གི་ཟུར་ཁྲིད་པ་དང་2017ལོའི་རྒྱལ་ཡོངས་མཐོ་སློབ་ཀྱི་ཟུར་ཁྲིད་པའི་ལོ་འཁོར་གྱི་མི་སྣའི་མིང་འདོན་བྱ་དགའ་ཐོབ་མཁན་བསོད་ནམས་གཡུ་སྒྲོན་གྱིས་མར་ཁེ་སི་རིང་ལུགས་ནི་ང་ཚོའི་ཏང་དང་རྒྱལ་ཁབ་འཛུགས་པའི་རྩ་བའི་མཛུབ་ཁྲིད་དགོངས་པ་ཡིན་ལ་རྨང་གཞི་ཡག་ཤོས་ཤིག་ཀྱང་ཡིན། མར་ཁེ་སི་ནི་ད་བར་ངེད་ཚོའི་སྙིང་དབུས་ཀྱི་ཆེས་རླབས་ཆེ་བའི་བསམ་བློ་མཁས་ཅན་ཞིག་སྔར་བཞིན་ཡིན་ཞེས་བཤད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ནང་རིགས་པའི་གཞུང་ལུགས་ཀྱི་གསོན་ཤུགས་ནི་ཟམ་མི་ཆད་པར་གསར་གཏོད་བྱས་པ་ལས་འཕེལ་བ་དང་མར་ཁེ་སི་རིང་ལུགས་ཟམ་མི་ཆད་པར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་བླ་ན་མེད་པའི་འགན་འཁྲི་ཡིན་ཞེས་གསུངས་ཡོད། དེའི་ཐད་ཁྲིམས་ལུགས་ཉིན་རེའི་ཚགས་པར་བོད་ལྗོངས་ཡན་ལག་ཁང་གི་འགན་ཁུར་བ་ལིའུ་ཡུས་ཅིང་གིས་ཀྲུང་གོའི་ད་ཆའི་འཕེལ་རྒྱས་འདི་ལྟ་བུ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཕུགས་འདུན་འགྲུབ་རྒྱུ་དང་དུས་གང་རུང་ལས་ཀྱང་བར་ཐག་ཉེ་བ་ཡོད་པས་དེ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ལ་རྒྱལ་ཁ་ཐོབ་པ་ཞིག་རེད་ལ་མར་ཁེ་སི་རིང་ལུགས་ལ་རྒྱལ་ཁ་ཐོབ་པ་ཞིག་ཀྱང་རེད། རིག་གནས་ཀྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། འགྲོ་ལམ་གྱི་གདེང་ཚོད་བཅས་མཐའ་འཁྱོངས་བྱེད་པར་ངེས་པར་དུ་མར་ཁེ་སི་རིང་ལུགས་བསྐྱར་དུ་སློབ་སྦྱོང་བྱས་ཏེ་ཕུགས་བསམ་དད་སེམས་བརྟན་པོ་ཡོང་བ་བྱས་ནས་ལག་ལེན་ཁྲོད་མར་ཁེ་རིང་ལུགས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་ཟམ་མི་ཆད་པར་གཏོང་དགོས་ཞེས་བཤད།

    ལྗོངས་ཏང་ཨུད་ཕྱི་ཕྱོགས་དྲིལ་བསྒྲགས་གཞུང་དོན་ཁྲུའུ་གསུམ་པའི་ཁྲུའུ་ཀྲང་གཞོན་པ་ལུའོ་ཐེ་ཀྲུའུ་ཡིས་དུས་རབས་གསར་པའི་ཏང་ཡོན་ལས་བྱེད་པ་ཞིག་གི་ངོས་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་། རིན་ཐང་ལྟ་བ། མི་ཚེའི་ལྟ་བ་བཅས་འཛུགས་ཏེ་བདེན་དོན་དམ་པོར་འཛིན་པ་དང་། སེམས་ནང་དད་སེམས་ཡོད་པ། བགྲོད་པར་སྟོབས་ཤུགས་ཡོད་པ་བཅས་བྱས་ཐོག མར་ཁེ་སི་རིང་ལུགས་ཀྱི་ཕུགས་བསམ་དད་སེམས་བརྟན་དུ་གཏོང་བ་དང་། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་། བྱེད་ཐབས། ལག་ལེན་བཅས་སློབ་སྦྱོང་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་གྱི་འགྱུར་མེད་ཀྱི་དད་མོས་པ་དང་ཟོལ་མེད་ཀྱི་ལག་ལེན་པ་རང་རྟོགས་ངང་བྱེད་དགོས་ཞེས་བཤད།

    ཧུའུ་པེ་ཞིང་ཆེན་ཤང་ཡང་གྲོང་ཁྱེར་ཁག་བརྒྱད་པའི་བོད་སྐྱོར་ལས་ཀའི་རུ་སྣེ་ཁྲིད་མཁན་དང་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཁྲེང་པོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་དེང་དུས་ཀྲུང་གོ་གུང་ཁྲན་ཏང་མིས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་རྒྱུར་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་བྱ་སྤྱོད་རྩ་འཛིན་དང་། བོད་སྐྱོར་ལས་དོན་ཁག་ལ་མཛུབ་ཁྲིད་བྱེད་པའི་རྩ་བའི་ཕྱོགས་སྟོན་ཡིན་པས་ངེས་པར་དུ་མགོ་ནས་མཇུག་བར་དོན་འཁྱོལ་ཡག་པོ་བྱེད་དགོས། ཏང་འཛུགས་སྐྱོང་ལ་དམ་འཛིན་དང་། དབུལ་སྒྲོལ་ལ་སྐུལ་འདེད་བཏང་ནས་འཕྱོངས་རྒྱས་ཀྱི་དབུལ་སྒྲོལ་དང་དབུལ་པོའི་ཞྭ་མོ་ཕུད་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། རྣམ་གྲངས་ལ་དམ་འཛིན་དང་དམངས་འཚོའི་གནད་དོན་ཐག་གཅོད་བྱས་ཏེ་བོད་སྐྱོར་རྣམ་གྲངས་དེ་འཕྱོངས་རྒྱས་ཀྱི་དམངས་འཚོ་ལེགས་སུ་གཏོང་བའི“བྱ་སྤྱོད་ཀྱི་གདོང་ལེན”དུ་སྐྲུན་པ། ཚོང་འགུགས་ལ་དམ་འཛིན་དང་དཔལ་འབྱོར་གོང་མཐོར་བཏང་སྟེ་འཕྱོངས་རྒྱས་ཀྱི་སྤྱི་ཡོངས་ཀྱི་དཔལ་འབྱོར་སྟོབས་ཤུགས་ཆེ་རུ་གཏོང་བ། ཐབས་ལམ་དམ་འཛིན་དང་ཤེས་ལྡན་པ་ནང་འདྲེན་བྱས་ཏེ་འཕྱོངས་རྒྱས་ཀྱི་འཇམ་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།