[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • མར་ཁེ་སིའི་གཞུང་ལུགས་ཀྱི་བདེན་དོན་གྱི་གཟི་བྱིན་འོད་སྣང་སྔར་བཞིན་འཕྲོ་བ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མར་ཁེ་སི་སྐུ་འཁྲུངས་ནས་ལོ་200འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་སྐོར་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   མི་དམངས་ཉེན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2018-05-07

    མར་ཁེ་སིའི་རླབས་ཆེན་གྱི་མི་གཤིས་དང་ལོ་རྒྱུས་ཀྱི་མཛད་རྗེས་ནམ་ཡང་ལོ་རྒྱུས་ཀྱི་དེབ་ཐེར་ཐོག་འཁོད་པ་དང་མར་ཁེ་སིའི་བླ་ན་མེད་པའི་སྙིང་སྟོབས་དང་འོད་སྟོང་འཕྲོ་བའི་དགོངས་པ་གནའ་དེང་ལ་ཡོངས་སུ་གྲགས།

    “མར་ཁེ་སི་རིང་ལུགས་ཀྱིས་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་སྐུལ་འདེད་ཤུགས་ཆེན་བྱུང་ནས་ད་ལྟའང་རྒྱལ་སྤྱིར་ཤུགས་རྐྱེན་ཆེན་པོ་ཐེབས་པའི་བསམ་བློའི་མ་ལག་དང་གཏམ་བརྗོད་མ་ལག་ཅིག་ཏུ་གྲུབ་ནས་ཡོད། མར་ཁེ་སི་ཉིད་སྔར་བཞིན‘ལོ་ངོ་སྟོང་གི་བསམ་བློ་མཁས་ཅན་ཨང་དང་པོ’ཡིན་པ་ཀུན་གྱིས་ངོས་འཛིན་ཞུ་ཡི་ཡོད ”མར་ཁེ་སི་སྐུ་འཁྲུངས་ནས་ལོ་200འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མར་ཁེ་སིའི་རླབས་ཆེན་གྱི་འོད་སྟོང་འཕྲོ་བའི་སྐུ་ཚེ་ཧྲིལ་པོར་རྗེས་དྲན་ཞུ་བ་དང་། མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་གི་མ་ལག་དང་ཕུན་སུམ་ཚོགས་པའི་ནང་དོན་དང་དེ་བཞིན་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་པ་ཆེན་པོ་བཏོན་གནང་བར་འགྲེལ་བཤད་གཏིང་ཟབ་བསྐྱོན་པ། རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་རྒྱུར་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་སྐུལ་མ་བཏང་བའི་རླབས་ཆེ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་དང་གཡུར་དུ་ཟ་བའི་གྲུབ་འབྲས་ལ་ཕྱོགས་སྡོམ་གནང་བ་བཅས་ཀྱི་སྒོ་ནས་དུས་རབས་གསར་པར་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་རྒྱུར་མུ་མཐུད་སྐུལ་མ་གཏོང་དགོས་པའི་བླང་བྱ་བཏོན་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་མཐོ་གཟིགས་འོག་བསྐྱངས་དང་། གཟིགས་རྒྱང་རིང་བ། དགོངས་པ་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ལྡན་ལ་འོད་སྟོང་འཕྲོ་བའི་མར་ཁེ་སིའི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཀྱང་ཡིན་པ་དེས་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིས་མར་ཁེ་སིའི་རིང་ལུགས་ཀྱི་ནུས་རྩལ་མཁས་ཤོས་སློབ་སྦྱོང་མཐར་ཕྱིན་པ་དང་གོ་བ་ཟབ་མོ་བླངས་ཐོག་གང་ལེགས་སྤྱད་དེ་མི་རིགས་བསྐྱར་དར་གྱི་ལོ་རྒྱུས་ཀྱི་འགན་འཁྲི་སྔར་བས་ཡག་པོ་འཁུར་རྒྱུར་སྐུལ་མ་བཏང་ཡོད།

    ལོ་200ཡི་གོང་མར་ཁེ་སི་འཇར་མན་གྱི་ཐེ་ལིར་གྲོང་ཁྱེར་དུ་སྐུ་འཁྲུངས་པ་དང་ཁོང་གི་མཚན་ཐོག་ནས་བཏགས་པའི་དགོངས་པ་དེས་འོད་སྟོང་འཕྲོ་བའི་ཞོགས་པའི་ཉི་གཞོན་ལྟར་མིའི་རིགས་ཀྱིས་ལོ་རྒྱུས་ཀྱི་ཆོས་ཉིད་འཚོལ་ཞིབ་དང་རང་ངོས་བཅིངས་འགྲོལ་དོན་གཉེར་བྱེད་པའི་འགྲོ་ལམ་ལ་འོད་ཟེར་སྦྱིན་པ་སུ་ཞིག་གི་བློ་ངོར་ཡང་འཁོར་མྱོང་མེད། འཛམ་གླིང་ཡོངས་ཀྱི་འབྱོར་མེད་གྲལ་རིམ་དང་ངལ་རྩོལ་མི་དམངས་ཀྱི་གསར་བརྗེའི་སློབ་དཔོན་དང་། མར་ཁེ་སིའི་རིང་ལུགས་ཀྱི་སྲོལ་གཏོད་པ་གཙོ་བོ། མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་གསར་འཛུགས་མཛད་མཁན། རྒྱལ་སྤྱིའི་གུང་ཁྲན་རིང་ལུགས་ཀྱི་སྲོལ་གཏོད་པ། ཉེ་རབས་ཚུན་གྱི་རླབས་ཆེན་གྱི་བསམ་བློ་མཁས་ཅན་བཅས་ཡིན་པའི་མར་ཁེ་སིའི་སྐུ་ཚེ་ཧྲིལ་པོ་ནི་བླ་ན་མ་མཆིས་པའི་ཕུགས་བསམ་སེམས་ལ་བཅངས་པ་དང་མིའི་རིགས་ལ་བཅིངས་འགྲོལ་ཡོང་བར་འབད་འཐབ་ལྷོད་མེད་གནང་བའི་སྐུ་ཚེ་ཧྲིལ་པོ་དང་། དཀའ་ངལ་དང་ཉེན་ཁར་མ་འཛེམས་པར་བདེན་དོན་དོན་གཉེར་གྱིས་བློ་ཁོག་ཆེན་པོས་བསམ་བློའི་ཡང་རྩེར་འཛེགས་པའི་སྐུ་ཚེ་ཧྲིལ་པོ། འཛམ་གླིང་རྙིང་པ་མགོ་རྟིང་སློག་པ་དང་འཛམ་གླིང་གསར་པ་གཏོད་ཆེད་འབད་འཐབ་ལྷོད་མེད་གནང་བའི་སྐུ་ཚེ་ཧྲིལ་པོ་བཅས་རེད། མར་ཁེ་སིའི་དགོངས་པའི་རིགས་པའི་གཞུང་ལུགས་དེ་ཁོང་གིས་འཚོ་བ་སྐྱེལ་བའི་དུས་རབས་དེ་ལས་བྱུང་བ་དང་། དུས་རབས་དེ་ལས་བརྒལ་བ་ནི་དུས་རབས་དེའི་དགོངས་པའི་ཉིང་བཅུད་ཡིན་ལ་མིའི་རིགས་ཀྱི་བསམ་བློ་ཧྲིལ་པོའི་ཉིང་བཅུད་ཀྱང་ཡིན་པས་ང་ཚོས་མར་ཁེ་སི་ནི་ས་གནོན་གནམ་ཐེག་གི་རླབས་ཆེན་མི་སྣ་ཞིག་རེད་ཅེས་ཡོངས་སུ་བརྗོད་ཆོག

    མར་ཁེ་སིའི་རིང་ལུགས་ནི་མར་ཁེ་སིས་ང་ཚོར་བཞག་པའི་རིན་ཐང་ཆེ་ཤོས་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་ཤོས་ཀྱི་བསམ་པའི་རྒྱུ་ནོར་ཞིག་ཡིན་པས། དེས་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་གསར་གཏོད་ལྡན་པའི་ངང་གསལ་སྟོན་བྱས་པ་དང་། མི་དམངས་ཀྱིས་རང་ངོས་བཅིངས་འགྲོལ་གཏོང་བའི་བསམ་བློའི་མ་ལག་ཐོག་མར་བཏོད་པ། མི་དམངས་ཀྱིས་འཛམ་གླིང་ངོས་འཛིན་དང་འཛམ་གླིང་སྒྱུར་བཀོད་བྱ་རྒྱུར་བསམ་པའི་སྟོབས་ཤུགས་ཆེན་པོ་ཞིག་སྦྱིན་པ་བཅས་རེད། མར་ཁེ་སིའི་རིང་ལུགས་བྱུང་བ་ནི་མིའི་རིགས་ཀྱི་བསམ་བློའི་ལོ་རྒྱུས་ཐོག་བྱ་བ་རླབས་པོ་ཆེ་ཞིག་ཡིན་ལ། མར་ཁེ་སིའི་རིང་ལུགས་ཀྱིས་མ་གཏོགས་བསམ་བློའི་རིགས་པའི་གཞུང་ལུགས་གཞན་གང་གིས་ཀྱང་མིའི་རིགས་ལ་རྒྱ་ཁྱབ་གཏིང་ཟབ་ཀྱི་ཤུགས་རྐྱེན་འདི་འདྲ་སྤྲོད་ཐུབ་པ་བྱུང་མྱོང་མེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་དང་། མི་དམངས་ཀྱི་རིགས་པའི་གཞུང་ལུགས། ལག་ལེན་གྱི་རིགས་པའི་གཞུང་ལུགས། རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་བའི་སྒོ་དབྱེའི་རིགས་པའི་གཞུང་ལུགས་བཅས་ཕྱོགས་བཞིའི་ཐོག་ནས་མར་ཁེ་སིའི་རིང་ལུགས་ཀྱི་ཚན་རིག་གི་ངོ་བོ་དང་། རིགས་པའི་གཞུང་ལུགས་ཀྱི་རང་གཤིས། ལག་ལེན་གྱི་དོན་སྙིང་། དུས་རབས་ཀྱི་རིན་ཐང་བཅས་ལ་ཕྱོགས་སྡོམ་གཏིང་ཟབ་གནང་ནས་ང་ཚོས་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་བསམ་བློའི་ལོ་རྒྱུས་དང་། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་མར་ཁེ་སི་རིང་ལུགས་ཀྱི་ལེགས་སྐྱེས་རྩ་ཆེན་དང་ཤུགས་རྐྱེན་གལ་ཆེན་ཁོང་དུ་གཏིང་ཟབ་ཆུད་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།

    དུས་རབས་གཉིས་ཙམ་འདས་པའི་ནང་། མིའི་རིགས་ཀྱི་སྤྱི་ཚོགས་ལ་གཏིང་ཟབ་པའི་འཕོ་འགྱུར་ཆེན་པོ་བྱུང་ནའང་། མར་ཁེ་སིའི་མཚན་ལ་སྔར་བཞིན་འཛམ་གླིང་གི་ས་གནས་ཁག་གི་མི་རྣམས་ཀྱིས་གོང་བཀུར་ཞུ་བ་དང་མར་ཁེ་སིའི་གཞུང་ལུགས་ཀྱི་བདེན་དོན་གྱི་གཟི་བྱིན་འོད་སྣང་སྔར་བཞིན་འཕྲོ་བཞིན་ཡོད། གང་ལགས་ཤེ་ན། མཐར་གཏུགས་ཚེ། མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ལུང་འཛིན་ཙམ་མིན་པར་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་ཏུ་གྱུར་ནས་དུས་དང་རྣམ་པ་ཀུན་ཏུ་དུས་རབས་ཀྱི་མདུན་གྲལ་དུ་གནས་ཏེ་ལག་ལེན་ལ་འགྱུར་ལྡོག་འགྲོ་བ་དང་བསྟུན་ནས་འཕེལ་རྒྱས་འགྲོ་བས་ཡིན། མར་ཁེ་སིའི་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ནི་མར་ཁེ་སི་དང་ཨེན་ཀེ་སི་དང་དེ་བཞིན་ཁོང་རྣམ་གཉིས་ཀྱི་རྗེས་རབས་པ་ཚོས་དུས་རབས་དང་། ལག་ལེན། ངོས་འཛིན་བཅས་འཕེལ་རྒྱས་ནས་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཤིག་ཡིན་ལ། མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་ཕུལ་དུ་བྱུང་བའི་བསམ་བློའི་རིག་གནས་ཀྱི་གྲུབ་འབྲས་ཟམ་མི་ཆད་པར་བླངས་ནས་རང་ངོས་ཕུན་སུམ་ཚོགས་སུ་བཏང་བའི་ལོ་རྒྱུས་ཤིག་ཀྱང་རེད། སྤྱི་ཚོགས་རིང་ལུགས་ནི་གཞི་འཛིན་ས་གཅིག་དང་འགྱུར་མེད་ཀྱི་ཐབས་མཆོག་ཁོ་ན་མིན་པར་ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་རྩ་དོན་དང་རང་རྒྱལ་ཁབ་ཀྱི་ཞིབ་ཕྲའི་དོན་དངོས་དང་། ལོ་རྒྱུས། རིག་གནས། སྲོལ་རྒྱུན། དུས་རབས་ཀྱི་བླང་བྱ་བཅས་དང་དམ་པོར་ཟུང་འབྲེལ་བྱས་ཚེ། མར་ཁེ་སིའི་རིང་ལུགས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་ནས་དུས་རབས་འཕེལ་རྒྱས་འགྲོ་རྒྱུར་བཏོན་པའི་བརྗོད་གཞི་གསར་པར་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་མིའི་རིགས་ཀྱི་སྤྱི་ཚོགས་ལ་འཕྲད་པའི་འགྲན་སློང་གསར་པར་ལན་ཞིག་བརྒྱབ་ཐུབ་ངེས་ཡིན།

    ལོ་རྒྱུས་དང་ལག་ལེན་ལས་ར་འཕྲོད་བྱུང་བར། མར་ཁེ་སིའི་རིང་ལུགས་ཀྱི་ལས་དབང་དེ་ཀྲུང་གོ་གུང་ཁྲན་ཏང་གི་ལས་དབང་དང་། ཀྲུང་གོ་མི་དམངས་ཀྱི་ལས་དབང་། ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་བཅས་དང་སྔ་ས་ནས་དམ་དུ་སྦྲེལ་ཡོད། ད་ཆ་ང་ཚོས་མར་ཁེ་སིར་དྲན་གསོ་བྱེད་པ་ནི་མར་ཁེ་སིར་སློབ་སྦྱོང་ཞུ་བ་དང་། མར་ཁེ་སིའི་རིང་ལུགས་ལ་སློབ་སྦྱོང་དང་ལག་ལེན་དུ་བསྟར་ཏེ་དེའི་ཁྲོད་ནས་ཚན་རིག་དང་མཐུན་པའི་བློ་གྲོས་དང་རིགས་པའི་གཞུང་ལུགས་ཀྱི་སྟོབས་ཤུགས་རྒྱུན་ཆད་མེད་པར་བླངས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས། ངེས་ཤུགས་སྔར་བས་ཆེ་བ་དང་། གདེང་ཚོད་སྔར་བས་ཆེ་བ། བློ་གྲོས་སྔར་བས་ལྡན་པའི་སྒོ་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་སྟེ་མར་ཁེ་སིའི་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་ཡོང་བ་བྱ་ཆེད་འབད་འབུངས་ལྷོད་མེད་དང་། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།