[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • གྲོང་ཚོ་ཆུང་ངུར་འགྱུར་ལྡོག་ཆེ།

    ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གིས་གྲོང་གསེབ་ཀྱི་གནས་སྡོད་ཁོར་ཡུག་ལེགས་གཏོང་ལས་དོན་ལ་སྐུལ་འདེད་བཏང་བའི་མཐོང་ཐོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-04

    ཡངས་ཤིང་རྒྱ་ཆེ་བའི་ཨར་འདམ་ལམ་བུ་གྲོང་ཚོ་དང་དུད་ཚང་བར་ཁྲིད་པ་དང་། དུད་ཚང་ཚང་མར་གསར་དུ་བསྐྲུན་པའི་གསང་སྤྱོད་ཡོད་པ། གད་གཞོང་ནང་གི་གད་སྙིགས་དུས་བཀག་ལྟར་གཙང་སེལ་བྱེད་པ། ལམ་འགྲམ་དུ་དཀར་ཞིང་གཙང་བའི་མཛེས་རྒྱན་གྱང་ཀྲོང་ངེར་གནས་པ་སོགས་ད་ཆའི་ཟངས་རི་རྫོང་རྫིང་ཕྱི་ཤང་སྤྲིན་མཚོ་གྲོང་ཚོ་དང་གངས་ཕུ་གྲོང་ཚོའི་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་ལེགས་སུ་ཤུགས་ཆེན་ཕྱིན་པ་དང་གྲོང་ཚོའི་རྣམ་པའང་གསར་རྐྱང་དུ་གྱུར་ཡོད།

    ས་བབ་མཐོ་ཚད་སྨི་4800ཟིན་པའི་སྤྲིན་མཚོ་གྲོང་ཚོ་ས་རྒྱ་ཡངས་པའི་སྤང་ཐང་སྟེང་གནས་ཤིང་། དེ་སྔོན་གྲོང་ཚོ་ཧྲིལ་པོར་གསང་སྤྱོད་དང་གད་གཞོང་གཅིག་ཀྱང་མེད། འབྲོག་པ་ཚོས་རྒྱུན་དུ་ཆབ་གསང་ཐང་སྟོང་དུ་གཏོང་བ་དང་གད་སྙིགས་རྩྭ་ཐང་དུ་གཤོ་ཡི་ཡོད་པ་མ་ཟད་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དང་གཙང་སྦྲ་འཕྲོད་བསྟེན་གྱི་འདུ་ཤེས་ཞན་པོ་ཡོད་པ་རེད།

    གནས་ཚུལ་འདི་རིགས་འཕྲད་སྐབས་གྲོང་ཚོ“ཨུ་ལྷན་གཉིས”ཚན་ཁག་དང་གྲོང་སྡོད་ལས་དོན་རུ་ཁག་གིས་གོང་རིམ་སྡེ་ཚན་ལ་སྙན་ཞུ་ཧུར་ཐག་ཕུལ་ཏེ་སྤྲིན་མཚོ་གྲོང་ཚོའི་ཁོར་ཡུག་འཕྲོད་བསྟེན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་རེ་བ་ཞུས།

    ཟངས་རི་རྫོང་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱིས་བརྟག་ཞིབ་ཐེངས་མང་བྱས་པའི་རྨང་གཞིའི་ཐོག་སྣོད་བཅུད་གྲོང་གསེབ་འཛུགས་སྐྲུན་རྣམ་གྲངས་ཀྱི་མ་དངུལ་ནས་ཆ་ཤས་ཤིག་བཏང་སྟེ་རྩྭ་ཐང་གི“ཁོར་ཡུག་སྲུང་སྐྱོང་བྱ་སྤྱོད”དང“གསང་སྤྱོད་གསར་བརྗེ”བྱ་རྒྱུའི་ཐག་བཅད་དེ་གྲོང་མི་ཚོར་གསང་སྤྱོད་དང་གད་སྙིགས་བསྡུ་ས་བསྐྲུན་པ་དང་གད་གཞོང་ཡང་ཉོས་པ་རེད།

    “2017ལོར་ང་ཚོས་མ་དངུལ་སྒོར་ཁྲི་186.33བཏང་ནས་རྫིང་ཕྱི་ཤང་སྤྲིན་མཚོ་གྲོང་ཚོ་དང་གངས་ཕུ་གྲོང་ཚོར་གསང་སྤྱོད་73དང་སྤྱི་པའི་གསང་སྤྱོད་ཚད་ལྡན་2བརྒྱབ་པ་དང་ཁྱིམ་ཚང་ཚང་མར་གད་གཞོང་རེ་ཉོས་པ་མ་ཟད། སྤྲིན་མཚོ་གྲོང་ཚོར་གད་སྙིཌ་བསྡུ་ས་2བསྐྲུན་ཡོད”ཅེས་ཟངས་རི་རྫོང་ཁོར་ཡུག་སྲུང་སྐྱོང་ཁྲིམས་འཛིན་རུ་ཆེན་གྱི་རུ་དཔོན་དར་རྒྱས་ཀྱིས་ངོ་སྤྲོད་བྱས།

    བཀྲ་ཤིས་ནོར་བུས“ད་ཆ་ང་ཚོའི་གྲོང་ཚོར་ཆུ་ཀ་ལ་དང་གློག་དྲ་ཤར་གཏོང་ཐུབ་པ་དང་། ཨར་འདམ་ལམ་བཟོས་པ། ཉི་འོད་ནུས་པའི་ལམ་སྒྲོན་བསྒར་བ་མ་ཟད། ད་དུང་ཁྱིམ་ཚང་ཚང་མར་གསང་སྤྱོད་དང་གད་གཞོང་ཡོད། རྫོང་གི་གད་སྙིགས་གཙང་སེལ་རླངས་འཁོར་གཟའ་འཁོར་མི་རེ་ངོ་རེར་ཡོང་ནས་གད་སྙིགས་གཙང་སེལ་ཐེངས་རེ་བྱེད་ཀྱི་ཡོད།‘གཉིས་ལྡན་དུད་སྦྲེལ’གྱི་དུད་ཚང་9ཡིས་རེས་མོས་ངང་སྤྱི་པའི་གཙང་སྦྲ་བྱེད་ཀྱི་ཡོད། ད་ཆ་གནམ་གཤིས་གྲང་དུས་ཐང་སྟོང་དུ་ཆབ་གསང་བྱེད་དགོས་ཀྱི་མེད། རྩྭ་ཐང་དུ་གད་སྙིགས་ཀྱང་མཐོང་རྒྱུ་མི་འདུག གྲོང་ཚོའང་དེ་སྔ་ལས་གཙང་བ་དང་བཀོད་པ་ལེགས་སུ་ཕྱིན་ཡོད། དེ་སྔའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཞན་པ་དང་གཙང་སྦྲར་དང་དོད་ཀྱང་མེད་པའི་གོམས་གཤིས་ངན་པ་དག་རིམ་བཞིན་འགྱུར་བ་མ་ཟད། གྲོང་མི་ཚོའི་འཚོ་བའི་ཆ་རྐྱེན་ཡང་ལེགས་སུ་ཇེ་ཆེར་སོང་སྟེ་གཙང་སྦྲར་དང་དོད་བྱེད་མཁན་ཤ་སྟག་ལ་གྱུར་ཡོད”ཅེས་བཤད།

    སྤྲིན་མཚོ་གྲོང་ཚོ་དང་གངས་ཕུ་གྲོང་ཚོའི་འགྱུར་ལྡོག་ནི་ཟངས་རི་རྫོང་གིས་གྲོང་གསེབ་ཀྱི་གནས་སྡོད་ཁོར་ཡུག་ལེགས་གཏོང་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བའི་བསྡུས་རིས་ཤིག་རེད། 2017ལོ་ཁོ་ནར་ཟངས་རི་རྫོང་གིས་མ་དངུལ་སྒོར་ཁྲི་232.62བཏང་ནས་སྲིད་འཛིན་གྲོང་ཚོ་13ལ་གད་སྙིགས་གཙང་སེལ་རླངས་འཁོར་དང་གཞུང་ལམ་གཙང་འཕྱག་རླངས་འཁོར་13ཉོས་པ་དང་། མ་དངུལ་སྒོར་ཁྲི་110བཏང་ནས་གད་གཞོང་3438ཉོས་པ་མ་ཟད། མང་ཚོགས་ལ་སྤྲད་པ་རེད། མ་དངུལ་སྒོར་ཁྲི་379བཏང་ནས་སྲིད་འཛིན་གྲོང་ཚོ་3རུ་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་དང་སྣོད་བཅུད་གྲོང་ཚོའི་འཛུགས་སྐྲུན་རྣམ་གྲངས་ལག་ལེན་བསྟར་རྒྱུར་སྤྱད་ཡོད།

    ད་ཆ་གནས་སྡོད་ཁོར་ཡུག་ལེཌ་གཏོང་གི་ལས་དོན་ཟངས་རི་རྫོང་གི་གྲོང་གསེབ་ཁག་ཏུ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།