[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བྱམས་སེམས་ཆེན་པོ་བཅངས་ནས་ཕྱོགས་གཅིག་གི་མི་སེར་གྱི་བདེ་ཐང་འགན་ལེན་བྱས་པ།

    རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་མཁན་ཚེ་རིང་སྒྲོལ་མའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-03

    “རང་ཉིད་ལ་ད་ཆའི་གྲུབ་འབྲས་དེ་ལྟ་བུ་བྱུང་བ་ནི་ཁོང་གིས་རོགས་རམ་གནང་བ་དང་ཁ་འབྲལ་ཐབས་མེད” “ཁོང་ནི་ལས་ཀའི་ཐད་ངའི་དགེ་རྒན་དང་འཚོ་བའི་ཁྲོད་ངའི་གཅེན་མོ་ལྟར་ཡིན” “རྟག་ཏུ་རིམས་ནད་ཐོན་སྐབས་ཁོང་གིས་འཐབ་ཕྱོགས་དང་པོར་བསྐྱོད་ཀྱི་ཡོད”

    མི་ཚོས་ཤོད་པའི“ཁོང”ཞེས་པ་ནི་རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་མཁན་ལྷ་ས་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཚེ་རིང་སྒྲོལ་མ་སྟེ། ཡུན་རིང་སྨན་བཅོས་ལས་རིགས་ཀྱི་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་མཁན“གོས་དཀར་ལྷ་མོ”ཞིག་རེད།

    1981ལོར་སློབ་གྲྭ་ཐོན་མ་ཐག་པའི་ཚེ་རིང་སྒྲོལ་མ་ལྷ་ས་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས(དེ་སྔའི་ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་རིམས་འགོག་ས་ཚིགས)སུ་ལས་བགོས་བརྒྱབ་ནས་ད་བར་ལོ་36སོང་ཡོད།

    ལོ་36རིང་ཁོང་གི་ལག་ཏུ་བརྒྱུད་མྱོང་བའི་ནད་པ་རེ་རེའི་ནད་ཐོ་རེ་རེ་བཞིན་གཟབ་གཟབ་ནན་ནན་གྱིས་འབྲི་བ་དང་། ལོ་36རིང་ཁོང་གིས་རྟག་ཏུ་གཞི་རིམ་དང་ནད་པའི་ཁྱིམ་དུ་གནས་ཚུལ་ཤེས་རྟོགས་བྱེད་པ་དང་གནད་དོན་ཐག་གཅོད་བྱེད་པར་འགྲོ་གི་ཡོད། ལས་ཀར་ཞུགས་པ་ནས་བཟུང་ཚེ་རིང་སྒྲོལ་མར་རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གྱི་གཟེངས་རྟཌ་དང་། འཕྲོད་བསྟེན་པུའུ་ཡི་པུའུ་ཨུད་6གི་བྱིས་པའི་འཆར་འགོད་རིམས་འགོག་གི“85%གསུམ”གྱི་དམིགས་ཚད་མངོན་འགྱུར་བྱེད་པའི་སྔོན་ཐོན་མི་སྒེར། “དམིགས་བསལ་གློ་ཚད”སྔོན་འགོག་གི་སྔོན་ཐོན་ལས་དོན་པ། ལྷ་ས་གྲོང་ཁྱེར་གྱི་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་རིམ་པ་གཉིས་པ་སོགས་ཀྱི་གཟི་བརྗིད་མཚན་སྙན་སྔ་རྗེས་སུ་ཐོབ་མྱོང་ཡོད།

    གྲུབ་འབྲས་མཐའ་དག་ནི་སྐད་གྲགས་མེད་པར་སེམས་ནུས་དང་རྔུལ་ཆུ་བཏོན་པ་ལས་བྱུང་བ་དང་ལས་ཀར་ཞུགས་ཚུན་གོ་སྐབས་ཐོབ་མ་ཐག་ཚེ་རིང་སྒྲོལ་མས་ལག་ལེན་སྣ་ཚོགས་ཁྲོད་ཧུར་ཐག་ཞུགས་ཀྱི་ཡོད་ཅིང་། ལོ་གཅིག་ནང་ཉུང་མཐར་ཡང་གཞི་རིམ་དུ་ཟླ་3ནས་4བར་བསྐྱོད་ཀྱི་ཡོད་པས། དེས་ཁོང་གིས་སྨན་བཅོས་སྐྱོབ་བཅོས་ལས་དོན་ཁག་ཡག་པོ་སྤེལ་བར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད།

    2009ལོའི་ཟླ་5པའི་མཚན་མོ་ཞིག་ཛ་དྲག་ཆེ་བའི་ཁ་པར་ཞིག་འབྱོར་ནས“ཕུ་མདོ་ཆ་ཚང་སློབ་ཆུང་གི་སློབ་མར་ཚ་བ་བརྒྱབ་པའི་གནས་ཚུལ་ཐོན་འདུག་པ་དེ་ཆམ་རིམས་ཀ་པ་ཡིན་བཟོ་འདུག་ཅེས་ངེད་ཚོར་ལྷུན་གྲུབ་རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཁ་པར་འབྱོར་བྱུང”ཞེས་བཤད། གཉིད་ཉལ་རྩིས་བྱེད་པའི་ཚེ་རིང་སྒྲོལ་མར་ལས་རོགས་ཀྱི་ཁ་པར་འབྱོར་རྗེས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་གྱོན་གོས་གྱོན་རྗེས་འཕྲལ་མར་ཕུ་མདོ་ཆ་ཚང་སློབ་ཆུང་དུ་བསྐྱོད། ཐོ་རེངས་ཆུ་ཚོད་3པ་ཙམ་ལ་དེ་གར་འབྱོར་རྗེས་ཚེ་རིང་སྒྲོལ་མ་དང་ལས་རོགས་ཚོས་འཕྲལ་མར་སློབ་མ་ཚོར་ཞིབ་དཔྱད་ཚད་འཇལ་དང་། མ་དཔེ་ལེན་པ། ནད་རྟགས་གྲལ་བཤེར་བཅས་བྱས།

    དེ་རྗེས་ཁོང་ཚོས་ནད་རྟགས་ལྕི་ཙམ་ཡོད་པའི་སློབ་མ་3ཤང་འཕྲོད་བསྟེན་ཁང་དུ་བརྟག་དཔྱད་ལ་བསྐྱལ་བ་དང་ཚ་བ་བརྒྱབ་ནས་གནས་ཚུལ་ཚབས་ཆེ་རུ་མི་འགྲོ་འམ་བསམ་པའི་སེམས་ཁྲལ་བྱུང་སྟེ་ཚེ་རིང་སྒྲོལ་མས་ནད་རྟགས་ལྕི་ཤོས་ཀྱི་བུ་མོ་ཞིག་གི་གམ་དུ་ཉིན་གཉིས་པའི་ཕྱི་དྲོའི་ཆུ་ཚོད་2པ་བར་བསྡད། ཕྱི་དྲོའི་ཆུ་ཚོད་5པར་ཁྲག་བརྟག་དཔྱད་ཀྱི་འབྲས་བུ་དོན་ནས་ཆམ་རིམས་ཀ་པ་མིན་པའི་གཏན་འཁེལ་བྱུང་རྗེས་གཞི་ནས་ཚེ་རིང་སྒྲོལ་མའི་སེམས་ལྷོད་དུ་བབས་པ་དང་སྐབས་དེ་བར་ཁོང་གིས་ཆུ་ཚོད་18རིང་བསྟུད་མར་ལས་ཀ་བྱས།

    2014ལོར་ཚེ་རིང་སྒྲོལ་མ་ལྷ་ས་གྲོང་ཁྱེར་དན་བག་སྡེ་ཁུལ་དུ་གྲོང་སྡོད་བྱས་པ་དང་དུད་ཚང་དུ་འཚམས་འདྲིར་འགྲོ་སྐབས་ཕ་མ་ཁ་བྲལ་བའི་ཀླད་སྐྱོན་ཕོག་པའི་བྱིས་པ་ཞིག་ཡོད་པ་དེའི་པ་ཕ་ཡུན་རིང་ཕྱི་ཕྱོགས་སུ་ལས་ཀར་འགྲོ་དགོས་པའི་རྐྱེན་གྱིས་རྣམ་ཀུན་སྤོ་བོ་དང་འོན་ལྐུགས་ཡིན་པའི་ཨ་ནེས་ལྟ་རྟོགས་བྱེད་པ་དང་འཚོ་བ་རང་སྐྱ་མི་འཕེར་བའི་དབང་གིས་ལོ་11ལ་སླེབས་པའི་ཕྲུ་གུ་དེ་ད་དུང་སློབ་གྲྭར་འགྲོ་ཐུབ་མེད་པ་ཤེས། ཚེ་རིང་སྒྲོལ་མས་ཕྱོགས་གཅིག་ནས་དེར་ཆེད་ལས་ཀྱི་ནད་སྐྱོང་དང་སྦྱོང་བརྡར་བྱེད་པ་དང་ཕྱོགས་གཞན་ཞིག་ནས་སློབ་ཁུངས་འབྲེལ་གཏུག་བྱས། བརྩོན་འགྲུས་བྱས་ན་མི་འགྲུབ་བྱ་བ་མེད་ཅེས་པ་ལྟར་ལོ་ཕྱེད་རིང་འབད་བརྩོན་བྱས་པ་བརྒྱུད་བྱིས་པ་དེ་རང་སྐྱ་འཕེར་ནས་འགྲོ་སྐྱོད་ཐུབ་པ་དང་སློབ་གྲྭར་འགྲོ་བའི་ཉིན་དང་པོར་ཚེ་རིང་སྒྲོལ་མས་ཁོ་པ་སློབ་གྲྭར་བསྐྱལ། ཚེ་རིང་སྒྲོལ་མས“སྐབས་དེ་དུས་ངེད་ཚོས་ཁོ་པ་སློབ་གྲྭར་སྐྱེལ་བར་འགྲོ་སྐབས་དགེ་རྒན་གྱིས་འཚོ་བ་རང་སྐྱ་མི་འཕེར་བའི་སློབ་མ་བསྡུ་ཡི་མིན་ཞེས་ཤོད་པ་ཐོས་རྗེས། ཁོ་པས་ལམ་སེང་རྐྱང་སྐུམ་དེ་ཙམ་བདེ་པོ་མེད་པའི་ལག་པས་སྟོད་གོས་གྱོན་སྟངས་བྱས་ཏེ་དགེ་རྒན་ལ་རང་སྐྱ་འཕེར་གྱི་ཡོད་ཚུལ་སྟོན་པ་ངས་ད་དུང་གསལ་པོ་དྲན་གྱི་འདུག”ཅེས་དེ་ལྟར་ཤོད་བཞིན་དུ་མིག་ལ་མཆི་ཞག་འཁོར།

    རང་འཁྲིའི་ལས་ཀ་ཡག་པོ་སྒྲུབ་པ་དང་དུས་མཚུངས། ཁོང་ལ་ཁོམ་པ་ཡོད་དུས་ཆེད་ལས་དང་འབྲེལ་བ་ཡོད་པའི་དེབ་ལྟ་བའམ་ཡང་ན་དྲ་ཐོག་ནས་འབྲེལ་ཡོད་ཆ་འཕྲིན་ལྟ་གི་ཡོད། སྐབས་རེ་དྲ་ཐོག་ནས་ནད་རྟགས་འདྲ་མིན་སྣ་ཚོགས་ཐོན་པ་ཤེས་སྐབས་ལྷ་སར་ནད་རྟགས་དེ་རིགས་ཐོན་སྲིད་དམ། གལ་ཏེ་གནས་ཚུལ་དེ་རིགས་འཕྲད་ཚེ་ཇི་ལྟར་བྱའམ་སྙམ་གྱི་ཡོད། ལོ་མང་རིང་བསགས་པའི་ཉམས་མྱོང་བརྒྱུད་ཚེ་རིང་སྒྲོལ་མས་ཕྱོགས་བསྒྲིགས་དང་དཔྱད་རྩོམ་20ལྷག་ཙམ་བྲིས་པ་དང་རྒྱལ་ཁབ་ཕྱི་ནང་གི་དུས་དེབ་ཏུ་དཔྱད་རྩོམ་9བཏོན་ཡོད།

    “རང་ཉིད་ནི་མི་དཀྱུས་མ་ཞིག་ཡིན་ལ་ངེད་ཚོའི་མཉམ་སྡེབ་དེའི་ནང་གི་ཆེས་སྤྱིར་བཏང་བ་ཞིག་ཡིན”ཞེས་བཅར་འདྲི་བྱེད་རིང་ཚེ་རིང་སྒྲོལ་མས་གསར་འགོད་པར་སྐད་ཆ་དེ་ཡང་ནས་ཡང་དུ་བརྗོད་ཀྱི་འདུག

    ཚེ་རིང་སྒྲོལ་མ་ལྟར་གྱི་ཕྱི་ཚུལ་ནས་བལྟས་ན་སྤྱིར་བཏང་ཡིན་མོད་དོན་དངོས་ཐོག་སྤྱིར་བཏང་གཏན་ནས་མིན་པའི་སྐྱེ་བོ་འདི་དག་ཡོད་སྟབས་ལྷ་ས་གྲོང་ཁྱེར་དུ་བོད་རང་སྐྱོང་ལྗོངས་ཀྱི་སྔོན་འགོག་རིམས་འགོག་ཚད་ལྡན་སྒོ་བསྟེན་སྨན་ཁང་དང་པོ་དེ་བཙུགས་ནས་རེས་སྐོར་60ལྷག་ཙམ་གྱི་བྱིས་པའི་རིམས་འགོག་ལས་དོན་ཐེངས་30ལྷག་ཙམ་གྲུབ་འབྲས་ཐོབ་པའི་སྒོ་ནས་སྤེལ་བ་དང་། བྱིས་པའི་འཆར་འགོད་རིམས་འགོག་གི“85%གསུམ”གྱི་དམིགས་ཚད་སྔོན་ལ་སྣེ་ཁྲིད་ནས་མངོན་འགྱུར་བྱུང་བ། མཆིན་ཚད་ཁ་པའི་རིམས་འགོག་སྨན་ཁབ་དང་པོ་དུས་ཐོག་ཏུ་རྒྱག་ཚད་95%ཡན་འཕར་བ། ལོ་7ནང་ཚུན་གྱི་མི་ཚོགས་ཀྱི་མཆིན་ཚད་ཁ་པའི་ནད་དུག་ཡོད་མཁན་3%ནང་ཚུན་དུ་ཚོད་འཛིན་ཐུབ་པ། 98%ཀྱི་སིབ་བིའི་ནད་དཔེ་ཚོད་འཛིན་ནུས་ལྡན་ཐུབ་པ། ལོ་20བསྟུད་མར་སྒལ་གཞུང་སྐྱ་བོའི་ནད་དཔེ་གཅིག་ཀྱང་ཐོན་མེད་པ། ལོ་9བསྟུད་མར་རིམས་ནད་རང་བཞིན་གྱི་ཀླད་སྐྱི་དང་སྒལ་གཞུང་གི་གཉན་ཚད་ནད་དཔེ་གཅིག་ཀྱང་ཐོན་མེད་པ། དོད་དྲག་རང་བཞིན་གྱི་འགོས་ནད་ཁག་ཐོན་ཚད་2000ལོ་ནས་89.75%ཆག་པ་བཅས་མི་དམངས་ཀྱི་བདེ་ཐང་ལ་སྲ་ཞིང་བརྟན་པའི་ནད་ཡམས་འགོག་སྲུང་གི་སྲུང་ཡོལ་ཞིག་བསྐྲུན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།