[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རང་རྒྱལ་གྱིས་གྲོང་གསེབ་ཀྱི་གཞི་ཁྱོན་ཆུང་བའི་སློབ་གྲྭ་དང་ཤང་གྲོང་རྡལ་གྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུ་ཡིན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-15

    ཉེ་ཆར་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་ཐོག་གྲོང་གསེབ་ཀྱི་གཞི་ཁྱོན་ཆུང་བའི་སློབ་གྲྭ་དང་ཤང་གྲོང་རྡལ་གྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་གྲོང་གསེབ་ཀྱི་ཕྲུ་གུར་འདྲ་མཉམ་དང་སྤུས་ཚད་མཐོ་བའི་འོས་འགན་སློབ་གསོ་མཁོ་འདོན་བྱེད་དགོས་པའི་བཀོད་སྒྲིག་བྱས་པ་རེད།

    ལོ་ལྔའི་རིང་། ཀྲུང་གོའི་དབུས་ནུབ་རྒྱུད་དང་གྲོང་གསེབ་ཀྱི་སློབ་གསོར་ཤུགས་སྣོན་མངོན་གསལ་དོད་པོ་ཐེབས་ཀྱང་གྲོང་གསེབ་ཀྱི་སློབ་གསོའི་ནུས་པ་དང་སློབ་གསོའི་སྤུས་ཚད་ད་དུང་སྔར་བས་མཐོ་རུ་གཏོང་དགོས་ཀྱི་ཡོད། སློབ་གསོ་པུའི《2017ལོའི་རྒྱལ་ཡོངས་ཀྱི་འོས་འགན་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་དཔོག་གི་ལས་དོན་སྙན་ཞུའི》ནང་རིམ་རྩིས་བྱས་ན་རྒྱལ་ཡོངས་སུ་འོས་འགན་སློབ་གསོའི་འཕེལ་རྒྱས་སྤྱིའི་ཆ་ནས་དོ་སྙོམས་བྱུང་བའི་རྫོང་2379ཡོད་པ་དེས་རྒྱལ་ཡོངས་ཀྱི་བསྡོམས་འབོར་གྱི་81%བཟུང་ཡོད། འོན་ཀྱང་གྲོང་གསེབ་ཀྱི་སློབ་གྲྭ་དང་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་ཁག་གཅིག་གི་ཉལ་ཁང་དང་། ལུས་རྩལ་ཐང་། ཟ་ཁང་། དགེ་རྒན་གྱི་ལས་ཤག་སོགས་ཀྱི་འཆར་འགོད་ཚན་རིག་དང་མི་མཐུན་པ་དང་། འཛུགས་སྐྲུན་གྱི་ཚད་གཞི་དམའ་བ། སྒྲིག་ཆས་སྒྲིག་བཀོད་དང་ཆ་འཕྲིན་ཅན་གྱི་སྒྲིག་ཆས་རྗེས་ལུས་ཐེབས་ཡོད། སློབ་ཁྲིད་ས་ཚིགས་དང་གཞི་ཁྱོན་ཆུང་བའི་སློབ་གྲྭར་སློབ་གཉེར་ཚད་གཞི་བཟོས་མེད་པའམ་ཡང་ན་འཛུགས་སྐྲུན་གྱི་ཚད་གཞི་དམའ་དྲགས་པས་རྒྱུན་གཏན་གྱི་སློབ་གསོའི་སློབ་ཁྲིད་ལས་དོན་གྱི་དགོས་མཁོ་གཏན་ནས་སྐོང་ཐུབ་ཀྱི་མེད། དགོས་ངེས་ཀྱི་སློབ་ཁྲིད་ས་ཚིགས་དང་གྲོང་གསེབ་ཀྱི་གཞི་ཁྱོན་ཆུང་བའི་སློབ་གྲྭ་མུན་འཐོམས་ཀྱི་སྒོ་ནས་མེད་པར་བཟོས་པས་གྲོང་གསེབ་ཀྱི་ཐག་རིང་ལུང་ཁུག་གི་ཕྲུ་གུ་སློབ་གྲྭར་འགྲོ་བར་དཀའ་ངལ་ཆེན་པོ་འཕྲད་ནས་སློབ་མཚམས་འཇོག་པའི་གནས་ཚུལ་བསྐྱར་དུ་ཐོན་གྱི་ཡོད།

    རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་ཐོག་ཡུལ་བབ་དང་བསྟུན་པ་དང་བཀོད་ཇུས་ལེགས་སུ་བཏང་ནས་གྲོང་གསེབ་ཀྱི་གཞི་ཁྱོན་ཆུང་བའི་སློབ་གྲྭ་དང་ཤང་གྲོང་རྡལ་གྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་ཡག་པོ་གཉེར་རྒྱུ་ནི་སློབ་གསོ་འདྲ་མཉམ་ལ་སྐུལ་འདེད་གཏོང་རྒྱུར་ཕན་པ་ཡོད། ཐག་རིང་ལུང་ཁུག་དང་སློབ་མ་ཅུང་ཉུང་བའི་ཁུལ་གྱི་གྲོང་ཚོར་ལོ་རིམ་དམའ་བའི་སློབ་མཚམས་ཀྱི་གཞི་ཁྱོན་ཆུང་བའི་སློབ་གྲྭ་འཛུགས་པ་དང་ཤང་གྲོང་རྡལ་དུ་ཞག་སྡོད་ལམ་ལུགས་ཀྱི་ལྟེ་བའི་སློབ་གྲྭ་བཙུགས་ནས་གྲོང་གསེབ་ཀྱི་ཕྲུ་གུ་ཐག་ཉེ་སར་སློབ་གྲྭར་འགྲོ་བ་དང་གཞིས་ལུས་བྱིས་པར་ལྟ་རྟོག་བྱ་རྒྱུར་སྟབས་བདེ་སྐྲུན་དགོས། ནོར་སྲིད་གཏོང་སྒོའི་གྲུབ་ཆ་ལེགས་སྒྲིག་གིས་སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་བ་དང་ཁྲིམས་ལྟར་དགེ་རྒན་གྱི་ཐོབ་ཐང་མཐོ་རུ་བཏང་སྟེ་སྒྲིག་ཁུངས་དང་གོ་མིང་དཔྱད་འདེམས་དང་གདན་ཞུ་སོགས་གཞི་ཁྱོན་ཆུང་བའི་སློབ་གྲྭར་གཟིགས་སྐྱོང་བྱེད་དགོས། “དྲ་སྦྲེལ+”ཀྱི་སློབ་གསོ་དང་ཁ་གཏད་སློབ་སྐྱོར་སོགས་ཀྱི་བྱེད་ཐབས་བརྒྱུད་གྲོང་གསེབ་ཀྱི་སློབ་གྲྭའི་སློབ་གཉེར་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་བསྟན་ཡོད།

    བྱང་ཤར་དགེ་འོས་སློབ་ཆེན་ཀྲུང་གོ་གྲོང་གསེབ་སློབ་གསོ་འཕེལ་རྒྱས་ཞིབ་འཇུག་ཁང་གིས་བསྡོམས་རྩིས་བྱས་པར་གཞིགས་ན། རང་རྒྱལ་གྱི་གྲོང་གསེབ་ཀྱི་འོས་འགན་སློབ་གསོར“གྲོང་གསེབ་ཀྱི་གཞི་ཁྱོན་ཆུང་བའི་སློབ་གྲྭ་དང་། ཤང་གྲོང་རྡལ་གྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ རྫོང་གྲོང་གི་གཞི་ཁྱོན་ཆེ་བའི་སློབ་གྲྭ”བཅས་ཀྱི་གཞི་རྩའི་རྣམ་པ་ཆགས་ཡོད། 2016ལོར་རྒྱལ་ཡོངས་སུ་མི་བརྒྱ་ཙམ་ལས་མེད་པའི་གཞི་ཁྱོན་ཆུང་བའི་སློབ་གྲྭ་ཁྱོན་ཁྲི་12.31ཡོད་པའི་ནང་གྲོང་གསེབ་ཀྱི་གཞི་ཁྱོན་ཆུང་བའི་སློབ་གྲྭ་ཁྲི་10.83ཚུད་ཡོད་པ་དེས་གྲོང་གསེབ་ཀྱི་སློབ་ཆུང་དང་སློབ་ཁྲིད་ས་ཚིགས་བསྡོམས་འབོར་གྱི་56.06%དང་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཆུང་བའི་སློབ་གྲྭའི་བསྡོམས་འབོར་གྱི་87.98%བཟུང་ཡོད་པ་རེད།

    བྱང་ཤར་དགེ་འོས་སློབ་ཆེན་ཀྲུང་གོ་གྲོང་གསེབ་སློབ་གསོ་འཕེལ་རྒྱས་ཞིབ་འཇུག་ཁང་གི་ཡོན་ཀྲང་ཝུའུ་ཀྲེ་ཧུའེ་ཡིས་རང་རྒྱལ་གྱི་ས་རྒྱ་ཆེ་བ་དང་ཁོར་ཡུག་རྙོག་འཛིང་ཆེ་བར་བརྟེན། གྲོང་གསེབ་མང་པོ་ཞིག་ཐག་རིང་ལུང་ཁུག་ཏུ་གནས་པ་དང་། སྡོད་ས་ཁ་ཐོར། འགྲིམ་འགྲུལ་སྟབས་བདེ་མེད། དགོས་ངེས་ཀྱི་གཞི་ཁྱོན་ཆུང་བའི་སློབ་གྲྭ་ངེས་ཅན་ཞིག་རང་སོར་འཇོག་པ་དང་འབྲེལ་འཛུགས་སྐྲུན་ཡག་པོ་བྱ་རྒྱུ་ནི་གྲོང་གསེབ་ཀྱི་བྱིས་པ་ཐག་ཉེ་སར་སློབ་གྲྭར་འགྲོ་བ་དང་སློབ་ཤོར་ཚོད་འཛིན་དང་སློབ་ཞུགས་འགན་ལེན་བྱ་རྒྱུར་ཕན་པ་ཡོད། མི་འབོར་འགྱུར་ལྡོག་གི་འཕེལ་ཕྱོགས་ལ་ཚོད་འཛིན་དང་། འགག་རྩའི་སློབ་གསོའི་ཐོན་ཁུངས་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གསོའི་སྟོབས་ཤུགས་སྐུལ་སློང་གང་ལེགས་བཅས་བྱས་ཏེ“གསོན་ཤུགས་ལྡན་པའི”གྲོང་གསེབ་སློབ་གསོ་ཡག་པོ་གཉེར་ནས་གྲོང་གསེབ་ཀྱི་ཕྲུ་གུ་ཚོར་འདྲ་མཉམ་དང་སྤུས་ཚད་མཐོ་བའི་འོས་འགན་སློབ་གསོ་མཁོ་འདོན་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།