[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • “ཐོན་ལས་ཀྱི་མན་ངག”དམ་པོར་བཟུང་སྟེ། ཐུན་མོང་ཐོག་འཚོ་བ་བཟང་པོ་བཏོད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-15

    ཉེ་བའི་ལོ་ཤས་རིང་ཆབ་མདོ་གྲོང་ཁྱེར་གྱིས་ཞིང་འབྲོག་ལས་ཀྱི“ཕྱོགས་སྒྱུར་གསུམ”ལ་སྐུལ་འདེད་མགྱོགས་པོ་བཏང་བ་དང་། “གསོ་སྤེལ་རིགས་ཆེན་པོ་ལྔ”ཡི་རྟེན་གཞི་དང“འདེབས་འཛུགས་རིགས་ཆེན་པོ་བདུན”གྱི་རྟེན་གཞི་འཛུགས་སྐྲུན་མགྱོགས་པོ་བྱས་པ། “ཀུང་སི+རྟེན་གཞི+ཞིང(འབྲོག)དུད”དང་། “རྟེན་གཞི+མཉམ་ལས་རྩ་འཛུགས+ཁྲོམ་ར”ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་དང་ཐོན་ལས་གཉིས་པ་གསུམ་པ་མཉམ་འདྲེས་འཕེལ་རྒྱས་སོགས་ཀྱི་བྱེད་སྟངས་ལ་སྐུལ་འདེད་ཧུར་ཐག་བཏང་བ་བཅས་ལས་ཆབ་མདོའི་ཁྱད་ལྡན་བཏུང་བྱ་དང་། ཨ་རག་ལས་རིགས། ནགས་ཁྲོད་ཐོན་ཁུངས། ཁ་རུབ་ཀྱི་བོད་ཕག ཧུང་ལའི་བོད་བྱ། རི་བོ་ཆེའི་ཚགས་ཤ་སོགས་ཐོན་རྫས་སྣ་ཁ་100ལྷག་ཙམ་ལས་སྣོན་ཞིབ་ཚགས་བྱས་པ་བརྒྱུད་ཁྲོམ་རའི་ཐོག་འདོན་ཐུབ་པ་བྱུང་བ་རེད།

    ལེགས་ལྡན་ཐོན་ལས་ཀྱི་གྲུབ་ཆ་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱས་པ།

    འབྲོག་ལས་རྐྱང་པའི་རྫོང་ཞིག་ཡིན་པའི་སྟེང་ཆེན་རྫོང་གྭ་ཐ་ཤང་ལ་དུས་ཡུན་རིང་པོའི་ནང་དགུན་དཔྱིད་གཉིས་སུ་གཟན་རྩྭ་མི་འདང་བའི་དཀའ་ངལ་འཕྲད་ཡོད། 2016ལོར་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རྫོང་དེས་གྭ་ཐ་ཤང་གྭ་ཐ་གྲོང་ཚོར་མུའུ་8000ཡོད་པའི་མི་བཟོས་གཟན་རྩྭ་རྟེན་གཞི་ཞིག་བསྐྲུན་ཡོད།

    གཟན་ཆག་དང་གཟན་རྩྭ་ནི་ཆབ་མདོ་གྲོང་ཁྱེར་གྱི“འདེབས་འཛུགས་རིགས་ཆེན་པོ་བདུན”གྱི་རྟེན་གཞིའི་ཁྲོད་ཀྱི་རྣམ་གྲངས་ཤིག་རེད། གྲོང་ཁྱེར་དེ་ཡོངས་ཀྱི་འབྲུ་རིགས་དང་། སྔོ་ཚལ། ཀྭ་རིགས་བཅས་འདེབས་འཛུགས་ཁུལ་ཁ་གྲམ་པ་དང་། སྣ་ཁ་རྐྱང་པ། སྤུས་ཚད་མཐོ་དམའ་མི་འདྲ་བ། བཀོད་སྒྲིག་ཡག་པོ་མ་བྱུང་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་ཆེད། ཆབ་མདོ་གྲོང་ཁྱེར་གྱིས་ཉི་མ་ཕོག་ཡུན་རིང་བ་དང་། ཉིན་མཚན་དྲོད་ཁྱད་ཆེ་བ། ལུང་གཞུང་དུ་བཞའ་ཚན་ཆེ་བ་སོགས་ཀྱི་ཁྱད་ཆོས་ལ་དམིགས་ཏེ་རྒུན་འབྲུམ་དང་། སྔོ་ཚལ། གཟན་རྩྭ་ལ་སོགས་པའི“འདེབས་འཛུགས་རིགས་ཆེན་པོ་བདུན”གྱི་རྟེན་གཞི་འཛུགས་སྐྲུན་ཤུགས་ཆེན་བྱས་པ་རེད།

    2017ལོའི་ལོ་མཇུག་བར་སྨར་ཁམས་དང་མཛོ་སྒང་དུ་རྒུན་འབྲུམ་མུའུ་7573བཏབ་པ་དང་། རི་བོ་ཆེར་མུའུ་2000ཡོད་པའི་ཉུང་མའི་རྟེན་གཞི་བསྐྲུན་པ། སྟེང་ཆེན་དང་། རི་བོ་ཆེ། ཁ་རུབ་བཅས་སུ་མུའུ་500ཡོད་པའི་བོད་ཀྱི་སྨན་རྩྭ་འདེབས་འཛུགས་རྟེན་གཞི་བསྐྲུན་པ། དཔའ་ཤོད་རྫོང་དུ་མུའུ་6000ཡོད་པའི་རྒྱ་བྲ་འདེབས་འཛུགས་རྟེན་གཞི་བསྐྲུན་པ། སྨར་ཁམས་དང་། མཛོ་སྒང་། དཔའ་ཤོད། བྲག་གཡབ་བཅས་སུ་མུའུ་1400ཡོད་པའི་ཤིང་འབྲས་འདེབས་འཛུགས་རྟེན་གཞི་བསྐྲུན་པ། ལྷོ་རོང་རྫོང་དུ་མུའུ་ཁྲི་1.2ཡོད་པའི་རིམ་པ་དང་པོ་དང་གཉིས་པའི་ནས་ཀྱི་སོན་བཟང་གསོ་སྤེལ་རྟེན་གཞི་དང་དེ་བཞིན་མུའུ་ཁྲི་1.35ཡོད་པའི་གཟན་རྩྭ་གཟན་ཆག་རྟེན་གཞི་བསྐྲུན་ཡོད།

    དུས་མཚུངས་སུ་གྲོང་ཁྱེར་དེ་ཡོངས་ཀྱི་འབྲོག་ལས་ལ་ཐོན་ཁུངས་ཡོད་ཀྱང་བཀྲག་མདངས་འཚེར་ས་མེད་པ་དང་། ཁྱད་ཆོས་ཡོད་ཀྱང་ལེགས་ཆ་མེད་པ། ཐོན་རྫས་ཡོད་ཀྱང་གཞི་ཁྱོན་ཆུང་བ། ཐོན་ལས་གཅིག་སྡུད་བྱེད་ཤུགས་མི་འདང་བ། “ཆུང་བ་དང་། སྐྱོ་བ། ཁ་གྲམས”སོགས་ཀྱི་གནད་དོན་ལ་དམིགས་ཏེ། ཆབ་མདོ་གྲོང་ཁྱེར་གྱིས་གཞི་ཁྱོན་ལྡན་པའི་སྒོ་ནས་གསོ་སྤེལ་དང་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་དེ་འཕེལ་རྒྱས་ཀྱི་གཙོ་གནད་ཅིག་ཏུ་བརྩིས་ཏེ“གསོ་སྤེལ་རིགས་ཆེན་པོ་ལྔ”ཡི་རྟེན་གཞི་འཛུགས་སྐྲུན་ཤུགས་ཆེན་བྱས་པ་རེད།

    2017ལོའི་ལོ་མཇུག་བར་གྲོང་ཁྱེར་དེ་ཡོངས་སུ་ཁམས་པའི་བོད་ཕག་རྟེན་གཞི་10དང་རྒྱུད་སྤེལ་རྟེན་གཞི་3བསྐྲུན་པ་དང་ཁམས་པའི་བོད་ཕག་ཁྲི་6ཙམ་གསོ་སྤེལ་བྱས་པ་དང་། ཁམས་པའི་བོད་བྱ་གསོ་སྤེལ་རྟེན་གཞི་8བསྐྲུན་པ་དང་ཁམས་པའི་བོད་བྱ་ཁྲི་12གསོ་སྤེལ་བྱས་པ། “ངག་དབང་ལུག”གསོ་སྤེལ་སྡོམ་གསོ་རྟེན་གཞི་2བསྐྲུན་པ་དང“ངག་དབང་ལུག”ཁྲི་9.4ལྷག་གསོ་སྤེལ་བྱས་པ། ཡེ་ཤེས་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི་ནང་འདྲེན་བྱས་ནས་འོ་མ་ཐོན་མང་བའི་བཞོན་མའི་གསོ་སྤེལ་ར་བ་བསྐྲུན་པ་དང་གྲོང་ཁྱེར་དེ་ཡོངས་སུ་བཞོན་མ་1804ནང་འདྲེན་བྱས་པ། རི་མཐོའི་རྩྭ་རའི་འབྲོག་ལས་གསོ་སྤེལ་རྟེན་གཞི་བསྐྲུན་པ་དང་རི་བོ་ཆེའི་འབྲི་གཡག་ཁྲི་2སྡོམ་གསོས་བྱས་ཡོད།

    བྱེད་པོས་སྐུལ་ཁྲིད་བྱས་ནས་ཐོན་ལས་ཀྱི་ཕན་འབྲས་ཆེ་རུ་བཏང་བ།

    བོད་ཁྱིམ་འབྲི་གཡག་མ་རྐང་ཚད་ཡོད་ཀུང་སི་ནི་བོད་ཤར་གྱི་ཚགས་ཤ་ལས་སྣོན་ཁེ་ལས་ཆེ་གྲས་ཤིག་དང་ཆབ་མདོའི་ཚགས་ཤའི་་ཐོན་ལས་ཀྱི་སྣེ་འདྲེན་ཁེ་ལས་ཤིག་རེད། ཀུང་སི་དེའི་ཏུང་ཧྲི་ཀྲང་ཀོན་ཞའོ་ཁྲེང་གིས་གསར་འགོད་པར“2016ལོར་ང་ཚོས‘རྟེན་གཞི+ཞིང་དུད’ཀྱི་རྣམ་པའི་ཐོག་ནས་མང་ཚོགས་ཀྱི་ལག་ནས་འབྲི་གཡག་600ལྷག་ཉོས་ཏེ་མང་ཚོགས་ལ་ཡོང་འབབ་མང་དུ་གཏོང་རོགས་བྱས་པ་ཡིན། ཀུང་སིར་བྲིན་ཚོང་ཡོང་འབབ་སྒོར་ཁྲི་2000ལྷག་བྱུང”ཞེས་བཤད།

    རི་བོ་ཆེ་རྫོང་ས་མདོ་གྲོང་རྡལ་སྦྲ་རིན་ཁ་གྲོང་ཚོའི་རྡོ་རྗེ་ལྷ་མཚོ་དང་བཀྲ་ཤིས་ལྷ་མོ་གཉིས་ཀུང་སིར་ལས་ཀ་བྱས་ནས་ལོ་གཉིས་ལྷག་སོང་། ཁོ་མོ་འཐུམ་སྒྲིལ་འཁོར་ཁང་ནང་ལས་ཀ་བྱས་པར་ཟླ་རེར་ཡོང་འབབ་སྒོར་3000ཙམ་ཡོད་ལ་སྐབས་རེ་ད་དུང་བྱ་དགའི་དངུལ་ཡང་ཡོད། “ཡོང་འབབ་བརྟན་པོ་འདུག དེ་སྔོན་ཞིང་ལས་བྱས་པ་ལས་ཡག་པ་འདུག”ཞེས་རྡོ་རྗེ་ལྷ་མཚོས་དགའ་སྤྲོའི་ངང་བཤད།

    ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་ཞིང་འབྲོག་ལས་ཀྱི་སྣེ་འདྲེན་ཁེ་ལས་དེ་ཞིང་འབྲོག་ལས་གཞི་ཁྱོན་ཅན་དང་ཞིབ་ལས་ཅན་ཕྱོགས་སུ་འཕེལ་རྒྱས་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས། ཞིང་འབྲོག་ཐོན་རྫས་ཀྱི་རྟེན་གཞི་དང་ཞིང་འབྲོག་ལས་ཀྱི་ཞབས་ཞུའི་རྩ་འཛུགས་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། སྣེ་འདྲེན་ཁེ་ལས་ལ“ཁེ་ལས་+ཞིང་དུད”དང“ཁེ་ལས་+རྟེན་གཞི་+ཞིང་དུད”སོགས་རྣམ་པ་སྣ་ཚོགས་ཀྱི་ཐོན་ལས་གཉེར་སྐྱོང་སྒྲིག་འཛུགས་ཕྱོགས་སུ་འཕེལ་རྒྱས་གཏོང་རྒྱུའི་སྐུལ་ལྕག་དང་ཁྲིད་སྟོན་བྱས་ནས་གྲོང་ཁྱེར་དེ་ཡོངས་ཀྱི་ཞིང་འབྲོག་ལས་ཀྱི་ཐོན་ལས་གྲུབ་ཆ་ལེགས་སྒྲིག་ཇེ་མགྱོགས་སུ་བཏང་ཡོད།

    2017ལོའི་ལོ་མཇུག་བར་གྲོང་ཁྱེར་དེ་ཡོངས་ཀྱིས་མཉམ་ལས་ཁང་ཁྱོན་220(དེའི་ནང་རྒྱལ་ཁབ་རིམ་པའི་དཔེ་སྟོན་མཉམ་ལས་ཁང་4དང་། གྲོང་ཁྱེར་རིམ་པའི་དཔེ་སྟོན་མཉམ་ལས་ཁང་18ཚུད་ཡོད)འཕེལ་རྒྱས་བཏང་བ་དང་། ཡོང་འབབ་སྒོར་དུང་ཕྱུར་1.02ཙམ་བྱུང་བ། ཆེད་ལས་མཉམ་ལས་སྒྲིག་འཛུགས་ཀྱི་ཞིང་དུད་ཁྲི་1.5ཙམ་ཞུགས་པ། ཆེད་ལས་མཉམ་ལས་སྒྲིག་འཛུགས་བརྒྱུད་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་7000ཙམ་བྱུང་བ། སྣེ་འདྲེན་ཁེ་ལས་ཁྱོན་18ཀྱིས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1.48ཙམ་བཏོད་པ་དང་། ཞིང་དུད་9500ལ་སྐུལ་ཁྲིད་བྱས་པ། དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་3000བྱུང་བ། ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་བྱེད་ཚད་44%ཟིན་ནས་སྐུལ་ཁྲིད་དང་ཁྱབ་འགྱེད་ཀྱི་ནུས་པ་སྔར་བས་ཆེ་རུ་སོང་ཡོད།

    ཆབ་མདོ་གྲོང་ཁྱེར་ཞིང་འབྲོག་ཅུས་ཀྱི་ཅུས་ཀྲང་ཀརྨ་རྡོ་རྗེས། 2018ལོར་ཆབ་མདོ་གྲོང་ཁྱེར་གྱིས་ཞིང་འབྲོག་ལས་ཀྱི་བྱེད་པོ་གསར་པ་མུ་མཐུད་གསོ་སྐྱོང་བྱ་རྒྱུ་དང་། སྣེ་འདྲེན་ཁེ་ལས་དང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་སྒྲིག་འཛུགས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སྣེ་འདྲེན་ཁེ་ལས་གསར་པ་5དང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་སྒྲིག་འཛུགས་40གསོ་སྐྱོང་བྱེད་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།