[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མིག་དམར་རྒོད་སྐྱེས།

    ​ དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་ཡིད་ཆེས་ཡོད་ལ་ནུས་པའང་ཡོད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-15

    ཉིན་ཤས་གོང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རྒྱལ་ཁབ་གློག་དྲ་གཞིས་རྩེ་གློག་འདོན་ཀུང་སིའི་ལས་བཟོ་མིག་དམར་རྒོད་སྐྱེས་ས་སྐྱ་རྫོང་ལ་ལྷོ་ཤང་དུ་བསྐྱོད་དེ་ཀླུ་ལྡིང་གྲོང་ཚོའི་ཏང་ཡོན་དང་མང་ཚོགས་ཀྱི་འཐུས་མི་38དང་ཚོགས་ཞུགས་ཀྱི་མྱོང་ཚོར་མཉམ་དུ་གླེང་བ་རེད།

    རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རྒྱལ་ཁའི་ངང་གྲོལ་རྗེས་མིག་དམར་རྒོད་སྐྱེས་སྒུག་ལོང་མེད་པར་རང་ཉིད་ཚོགས་འདུ་གཉིས་ལ་ཞུགས་པའི་ཤེས་ཚོར་དང་མྱོང་ཚོར་བསྣམས་ནས་མང་ཚོགས་ཀྱི་ཁྲོད་དུ་ཕེབས་ཏེ་ཚོགས་འདུ་གཉིས་རིང་གི་མི་སེམས་འགུལ་བའི་གནས་ཚུལ་ངོ་མཚར་ཅན་ཚང་མར་བརྒྱུད་སྤྲོད་གནང་བ་རེད།

    ཚོགས་འདུ་གཉིས་གྲོལ་ནས་ཕ་ཡུལ་དུ་ལོག་པའི་ལམ་བར་དུ་མིག་དམར་རྒོད་སྐྱེས་ཀྱིས་ཇི་ལྟར་བྱས་ནས་དྲིལ་བསྒྲགས་ལས་དོན་ཡག་པོ་སྒྲུབ་རྒྱུར་བསམ་བློ་གཏོང་བཞིན་ཡོད་པ་རེད། མང་ཚོགས་ཁྲོད་དུ་བསྐྱོད་དེ་གོ་བདེ་ཞིང་ཤེས་སླ་བའི་སྐད་ཆའི་ཐོག་ནས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པའི་དོན་ཆེན་དང་དོན་ཆུང་ནས་འགོ་བཙུགས་ཏེ་སྙིང་ཉེ་པོས་སྤེལ་རེས་བྱེད་པའི་ཁྲོད་ཚོགས་འདུ་གཉིས་ཀྱི་དགོངས་དོན་ཚང་མར་བརྒྱུད་བསྒྲགས་བྱས་པ་རེད། ཉན་འདོད་ཆེ་ཤོས་ཀྱི་སྐོར་གླེང་སྐབས་མིག་དམར་རྒོད་སྐྱེས་སེམས་འགུལ་ཐེབས་པའི་སྒོ་ནས་འཆད་སྟེགས་གཤམ་དུ་ཡོད་པའི་མང་ཚོགས་ཁྲོད་དུ་བསྐྱོད་པ་རེད།

    སྒྲོག་འགྲེལ་མཇུག་སྒྲིལ་རྗེས་ཚང་མ་ད་དུང་བློ་ཡིད་ཚིམ་པོ་བྱུང་མེད་ཅིང་། གྲོང་ཚོའི་བུད་མེད་ཕྱུག་འགྱུར་སྣེ་ཁྲིད་པ་མིག་སྒྲོན་གྱིས་མིག་དམར་རྒོད་སྐྱེས་ཁོང་གིས་བཙུགས་པའི་བསླས་འཐག་མཉམ་ལས་ཁང་དུ་ལྟ་སྐོར་ལ་ཕེབས་རྒྱུར་གདན་དྲངས་པ་རེད། མིག་དམར་རྒོད་སྐྱེས་ཀྱིས་གསན་གྱིན་དུ་གཟིགས་སྐབས་དབུལ་སྒྲོལ་འགག་སྒྲོལ་སྐོར་གྱི་འབྲེལ་ཡོད་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལས་བཟོ་ཚོར་འགྲེལ་བཤད་རྒྱག་རྒྱུ་བརྗེད་མེད་པ་རེད། 2014ལོར་མིག་སྒྲོན་གྱིས་གྲོང་ཚོའི་བསླས་འཐག་མཉམ་ལས་ཁང་བཙུགས་ནས་མང་ཚོགས་དབུལ་པོ་18ལས་ཞུགས་ཐུབ་རྒྱུའི་སྣེ་ཁྲིད་བྱས་པ་རེད། “ཁྱེད་ཀྱིས་སྒྲོག་འགྲེལ་གནང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་དགོངས་དོན་ཉན་རྗེས། རྒྱལ་ཁབ་ཀྱིས་མི་རིགས་ལག་ཤེས་བཟོ་ལས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་གནང་བ་ཤེས་བྱུང་བས་རང་ཉིད་ཧ་ཅང་དགའ་པོ་བྱུང་། གོམ་སྟབས་རྗེས་མར་ང་ཚོས་བསླས་འཐག་ཁང་གི་གཞི་ཁྱོན་ཆེ་རུ་ཧུར་ཐག་བཏང་སྟེ་མང་ཚོགས་དབུལ་པོ་དེ་བས་མང་བ་ལས་ཞུགས་ཐུབ་རྒྱུར་སྣེ་ཁྲིད་བྱ་རྒྱུ་ཡིན”ཞེས་མིག་སྒྲོན་གྱིས་བཤད།

    “ང་ཚོས་བཟོ་བོའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་ཡག་ཐོག་ཡག་བརྩེགས་ཀྱི་ལག་རྩལ་དང་ཐོན་རྫས་སྤྱད་དེ་ཁྲོམ་ར་ཡངས་པོ་ཞིག་བཏོད་ནས་སྲོལ་རྒྱུན་གྱི་མི་རིགས་ལག་ཤེས་ཐོན་རྫས་ས་སྐྱ་ནས་རྒྱལ་ཡོངས་སུ་འདོན་རྒྱུ་ཡིན”

    མིག་དམར་རྒོད་སྐྱེས་ཀྱི་འཁྲིས་སུ་ལངས་པའི་ལ་ལྷོ་ཤང་ཀླུ་ལྡིང་གྲོང་ཚོའི་གྲོང་མི་ཐུབ་བསྟན་གྱིས“ཡག་པོ་འདུག”ཅེས་དགའ་བསུ་ཚད་མེད་ཞུས། ཁོང་གིས“ཏང་ཡོན་ཞིག་ཡིན་པའི་ངོས་ནས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་རྒྱུ་དེ་ནི་མང་ཚོགས་ཕྱུག་འགྱུར་ཡོང་ཆེད་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་རྒྱུ་ཞིག་ཡིན་པས། མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་བྱ་རྒྱུར་རང་ཉིད་ལ་ཡིད་ཆེས་ཡོད་ལ་ཆོད་སེམས་ཀྱང་ཡོད”ཅེས་བཤད།

    ད་རེས་ཀྱི་སྒྲོག་འགྲེལ་བརྒྱུད་མིག་དམར་རྒོད་སྐྱེས་ཀྱི་ཡིད་ཆེས་སྔར་བས་ཆེ་རུ་ཕྱིན་པ་དང་། གོམ་སྟབས་རྗེས་མའི་སྒྲོག་འགྲེལ་ཐད་ཁོང་ལ་སོ་སོའི་འཆར་གཞི་ཞིག་ཡོད་པ་སྟེ། “སླད་ཕྱིན་རང་ཉིད་ཀྱིས་ཟླ་བ་རེར་མང་ཚོགས་ལ་སྒྲོག་འགྲེལ་ཐེངས་3ནས་4བར་བྱས་ཏེ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་དུད་ཚང་ཁྲི་སྟོང་མང་པོར་བརྒྱུད་བསྒྲགས་ཧུར་ཐག་བྱ་རྒྱུ་ཡིན་པ”དེ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།