[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་དེ་སྔའི་ཨུ་ཡོན་ཁྲུང་ཆིང་གྲོང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་སུན་ཀྲེང་ཚའེ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞིར་འདྲི་གཅོད་ཐེངས་དང་པོ་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-14

    ཚེས་12ཉིན། ཐེན་ཅིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་པོས་འདྲི་གཅོད་དང་པོའི་ཁྲིམས་ར་ཡོངས་བསྒྲགས་ངང་འཚོགས་ཏེ། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་དེ་སྔའི་ཨུ་ཡོན་ཁྲུང་ཆིང་གྲོང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་སུན་ཀྲེང་ཚའེ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞིར་འདྲི་གཅོད་བྱས་པ་རེད།

    ཐེན་ཅིན་གྲོང་ཁྱེར་མི་དམངས་ཞིབ་གཅོད་ཁང་གི་ཡན་ལག་ཞིབ་དཔྱོད་ཁང་དང་པོས། 2002ལོ་ནས་2017ལོ་བར་གྱོད་ཡ་སུན་ཀྲེང་ཚའེ་ཡིས་པེ་ཅིང་གྲོང་ཁྱེར་ཧྲུན་དབྱི་ཆུས་ཨུད་ཀྱི་ཧྲུའུ་ཅི་དང་། པེ་ཅིང་གྲོང་ཨུད་ཀྱི་རྒྱུན་ཨུ། གྲོང་ཨུད་ཀྱི་དྲུང་ཆེ། ཞིང་ལས་པུའི་པུའུ་ཀྲང་། ཅིས་ལིན་ཞིང་ཨུད་ཀྱི་ཧྲུའུ་ཅི། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཁྲུང་ཆིང་གྲོང་ཨུད་ཀྱི་ཧྲུའུ་ཅི་སོགས་ཀྱི་འགན་འཁུར་སྐབས་གོ་གནས་ཀྱི་སྟབས་བདེ་སྤྱད་དེ་འབྲེལ་ཡོད་ཚན་པ་དང་མི་སྒེར་ལ་ལས་གྲྭ་འགན་གཙང་སྤྲོད་པ་དང་། ཁེ་ལས་གཉེར་སྐྱོང་། གོ་གནས་སྤོར་བ་སོགས་ཀྱི་ཐད་རོགས་རམ་བྱས་ཏེ། ཁེར་རྐྱང་ངམ་ཡང་ན་རྒྱུན་གཏན་གྱི་རོགས་པ་ཁག་གཅིག་དང་མཉམ་དུ་ཁྲིམས་འགལ་ངང་མི་གཞན་གྱི་ས་ནས་ཁྱོན་མི་དམངས་ཤོག་སྒོར་དུང་ཕྱུར་1.7ལྷག་ཙམ་རི་བའི་རྒྱུ་ནོར་བླངས་འདུག་ཅེས་ཉེས་བགྲང་ཞུ་གཏུག་བརྒྱབ་པ་རེད།

    ཁྲིམས་རའི་འདྲི་གཅོད་རིང་། གཞུང་གཏུག་ལས་ཁུངས་ཀྱིས་འབྲེལ་ཡོད་དཔང་རྟགས་བཏོན་ནས་གྱོད་ཡ་སུན་ཀྲེང་ཚའེ་དང་ཁོ་པའི་དག་འབུད་པར་ངོ་ཐུག་ར་སྤྲོད་བྱས་པ་དང་། ཞུ་གཏུག་རྒྱག་མཁན་དང་དག་འབུད་བྱེད་མཁན་ཕྱོགས་གཉིས་ཀས་ཁྲིམས་རར་དཔང་པོ་དོན་མཁན་གྱི་དཔང་མི་གཉིས་ལ་སྐད་ཆ་འདྲི་རེས་བྱས་ཏེ་ཁྲིམས་རའི་གཙོ་སྐྱོང་འོག་བསམ་འཆར་གང་མང་བཏོན་པ་རེད། མཐར་སུན་ཀྲེང་ཚའེ་ཡིས་གསལ་ཞུ་བྱས་ནས་རང་ཉིད་ལ་བཅའ་ཁྲིམས་ཀྱི་འདྲི་གཅོད་ནན་པོ་ཕོག་པ་ནི་རང་སྡུག་རང་གིས་ཉོས་པ་དང་རང་ཉེས་རང་འཁུར་བྱེད་དགོས་ངེས་ཡིན་པས་བསམ་འཆར་གང་ཡང་མེད། ནག་ཉེས་ངོས་ལེན་དང་འགྱོད་བཤགས་སེམས་གཏིང་ནས་བྱ་རྒྱུ་ཡིན་ལ་ཁྲིམས་ཁང་གིས་ཁྲིམས་ཐག་བཅད་པར་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན་ཞེས་བཤད་འདུག

    མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན། གསར་འགྱུར་གསར་འགོད་པ། ལས་རིགས་ཁག་གི་མང་ཚོགས་བཅས་མི་130ལྷག་ཙམ་ཁྲིམས་རའི་འདྲི་གཅོད་ཟུར་ཉན་བྱེད་པར་ཕེབས་པ་རེད།

    འདྲི་གཅོད་མཇུག་འགྲིལ་རྗེས་ཁྲིམས་ཁང་གིས་ཁྲིམས་ར་འཚོགས་མཚམས་འཇོག་རྒྱུ་དང་དུས་ཚོད་བདམས་ཏེ་བཅད་ཁྲ་ཡོངས་བསྒྲགས་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།