[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ལམ་སྟོན་སྒྲོན་མེ་ཞིག་གིས་བོད་ལྗོངས་དུས་རབས་གསར་པར་བསྐྱོད་རྒྱུར་མཛུབ་ཁྲིད་བྱེད་པ།

    བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་བོད་དུ་གྲུབ་འབྲས་ཐོབ་པའི་སྒོ་ནས་ལག་ལེན་བསྟར་བའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-13

    མིས་བཟོས་རྣ་འཁྱིལ་ཞིག་བསྒར་བར་སྨན་རིན་སྒོར་ཁྲི་20ཙམ་དགོས་སྟབས། ཁྱིམ་ཚང་དཀྱུས་མ་ཞིག་ཡིན་ཕྱིན་སྤྲོད་ཐབས་བྲལ། འོན་ཀྱང་བོད་དུ་སྨན་རིན་ཚང་མ་རྒྱལ་ཁབ་ནས་སྤྲོད་ཀྱི་ཡོད་པས་ན། རྣ་བ་གསང་པོ་མེད་པའི་བོད་ཀྱི་བྱིས་པ་ཁག་གཅིག་དྲག་སྐྱེད་བྱུང་ཡོད།

    ཁྲིམས་འགལ་རྩ་འཛུགས་ལ་རྡུང་རྡེག་ནན་པོ་བཏང་བ་དཔེར་ན། འབྲི་རུ་རྫོང་དུ“ཟང་ཟིང”ནས“བཅོས་སྐྱོང”བྱུང་སྟེ་སྤྱི་ཚོགས་ཀྱི་སྤྱི་ཡོངས་སྔར་བས་བརྟན་ལྷིང་དང་། འཕེལ་རྒྱས་ཀྱི་ཁོར་ཡུག་སྔར་བས་ལེགས་སུ། གཞི་རིམ་གྱི་རྨང་གཞི་སྔར་བས་བརྟན་དུ་བཅས་ཕྱིན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་སྔར་བས་ཆེ་རུ་ཕྱིན་ཡོད། ད་ཆ་ཚང་མས“མཐུན་སྒྲིལ་དང་བརྟན་ལྷིང་ནི་བདེ་སྐྱིད་དང་། ཁ་ཕྲལ་དང་ཟང་ཟིང་ནི་ཆག་སྒོ་ཡིན་པའི”ངོས་འཛིན་ཟབ་མོ་བྱུང་ཡོད།

    འདི་འདྲ་བའི་དཔེ་མཚོན་བརྗོད་ཀྱིས་མི་ལང་བ་ཡོད།

    མཐའ་སྐྱོང་བོད་བརྟན།——བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གཟིགས་རྒྱང་རིང་བས་འཐབ་ཇུས་སྤྱི་ཡོངས་མཐོ་ཚད་ཐོག་ནས་བོད་ཀྱི་ལས་དོན་ལ་བཀོད་སྒྲིག་རབ་དང་རིམ་པ་གནང་བ།

    2013ལོའི་ཟླ་3ཚེས་9ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་གལ་ཆེན་གྱི་དགོངས་པ་ཐོག་མར་གསལ་བཏོན་གནང་བ་རེད།

    2015ལོའི་ཟླ་8པར། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག རང་རེའི་ཏང་གི་བོད་སྐྱོང་མཛད་ཇུས་གོ་རིམ་ལྡན་པའི་སྒོ་ནས་ཕྱོགས་སྡོམ་དང་གསར་གཏོད་ལྡན་པའི་སྒོ་ནས་རྒྱུན་འཛིན་བྱས་ཡོད། ལོ་རྒྱུས་ཀྱི་དུས་མཚམས་གསར་པར་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་རིགས་པའི་གཞུང་ལུགས་གལ་ཆེན་དང་ལག་ལེན་གྱི་གནད་དོན་རབ་དང་རིམ་པར་རྒྱས་བཤད་གཏིང་ཟབ་དང་ལན་བསྐྱོན་ནས་བོད་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་ཀྱི་བརྗིད་ཆེའི་འཆར་གཞི་བཏིང་གནང་བ་རེད།

    ལོ་དེ་རང་དུ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་སྔ་ནུབ་ཏུ“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”ཞེས་པའི་མཛུབ་སྟོན་གལ་ཆེན་གནང་བ།

    2017ལོའི་ཟླ་8ཚེས་19ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱེད་ཐེངས་གཉིས་པའི་ཞིབ་འཇུག་འགོ་བཙུགས་པའི་རྟེན་འབྲེལ་ཞུས་ནས“འཛམ་གླིང་ཐོག་གི་དག་ཞིང་མཐའ་མ་ཡག་པོ་བསྲུངས་ཏེ་མཛེས་སྡུག་ལྡན་པའི་མཚོ་བོད་ས་མཐོ་གཏོད་ཆེད་ལེགས་སྐྱེས་གསར་པ་ཕུལ་ནས་མཚོ་བོད་ས་མཐོའི་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་འཆམ་མཐུན་ཡོང་བ་བྱེད་དགོས”ཞེས་མཛུབ་སྟོན་གལ་ཆེན་གནང་བ་རེད།

    ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་གྲོལ་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ལས་དོན་གྱི་མཛད་བྲེལ་ཧ་ཅང་ཆེ་བའི་འོག སྐུ་ངོ་མས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་འཕྲིན་ལན་སྤྲིངས་གནང་སྟེ། ཡུན་རིང་མཐའ་མཚམས་བརྟན་སྲུང་ཆེད་ལྷག་བསམ་ཟོལ་མེད་ངང་ལེགས་སྐྱེས་འབུལ་བའི་ལས་བྱེད་པ་དང་མང་ཚོགས་ཚོར་ཁས་ལེན་གང་ལེགས་གནང་ནས་བོད་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་མུ་མཐུད་རྒྱུན་འཛིན་བྱས་ཏེ། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་ཞིག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད།

    2017ལོའི་ཟླ་8པར། འཚོགས་པའི“སྤྲོ་སེམས་འཁོལ་བའི་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་བའི་བོད་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་ཚོགས་འདུ་དང་བོད་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རིག་གཞུང་ལོ་ཚོགས་སྐབས་གསུམ་པའི”ཐོག་ཚོགས་ཞུགས་མི་སྣས་ངོས་འཛིན་བྱས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་ནི་མར་ཁེ་སི་རིང་ལུགས་དང་དེང་རབས་ཀྲུང་གོའི་དོན་དངོས་དང་བོད་ཀྱི་དོན་དངོས་ཟུང་འབྲེལ་བྱས་པའི་མཆོང་སྐྱོད་གསར་པ་བྱུང་བ་ཞིག་ཡིན་པས། དེང་གི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་ཤོས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་ཀྱི་གྲུབ་ཆ་གལ་ཆེན་གྱི་ཆ་ཤས་ཤིག་ཡིན། དེས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཆེད་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་མཛུབ་སྟོན་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་གནང་ཡོད།

    མངགས་བཅོལ་ཟབ་མོ་སྟོང་ཟད་དུ་མ་བཏང་བ།——རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་གི་བོད་སྐྱོང་མཛད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་བྱས་ནས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།

    ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་བྱས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བཏོད་པ་རེད།

    2013ལོ་ནས་བཟུང་། རང་ལྗོངས་ཀྱིས་དམངས་འཚོའི“བྱ་བ་དངོས་བཅུ”ནུས་ཤུགས་ཡོད་རྒུས་ལག་བསྟར་བྱེད་འགོ་བཙུགས་ཏེ། ལོ་རེར་ནོར་ཤུགས་ཀྱི་70%ཡན་དམངས་འཚོའི་ཁྱབ་ཁོངས་སུ་གཏོང་རྒྱུ་མཐའ་འཁྱོངས་བྱས་པ་རེད། མི་རིགས་ཁག་གི་མང་ཚོགས་ཀྱིས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྐྲུན་མཉམ་སྤྱོད་བྱས་པས་མི་རིགས་ཁག་དང་རིམ་པ་ཁག་དང་། ལྷག་པར་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དུད་ཚང་དབུལ་པོ་དང་། ཡོང་འབབ་དམའ་བའི་ཁྱིམ་ཚང་། ཉམ་ཞན་ཚོགས་སྤྱི་བཅས་ལ་ཕན་པ་ཐོབ་ཡོད་པ་རེད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་300ལྷག་ཙམ་ལ་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཆེན་པོ་བྱུང་བ་དང་ཆབས་ཅིག་མི་རིགས་ཀྱི་འབྱུང་འགྱུར་རེ་བའང་བཙལ་འཚོལ་ཐུབ་ཡོད།

    2017ལོར་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་10330ཟིན་ནས་ལོ་15བསྟུད་མར་གྲངས་གནས་གཉིས་འཕར་རྒྱུན་འཁྱོངས་ཐུབ་པ་དང་། “རྒན་གཅིག་གཞོན་གཅིག”ཡིན་པའི་སྤྱི་ཚོགས་ཀྱི་དོ་ཁུར་དང་རོགས་སྐྱོར་བྱེད་དགོས་པའི་དམིགས་བསལ་མི་ཚོགས་ལ་དམིགས་ནས“གཉིས་གཅིག་བསྡུས”ཀྱི་ལས་དོན་སྤེལ་བ་རེད། ལོ་བཅོ་ལྔའི་རིན་མེད་སློབ་གསོ་དང“འགན་ལེན་གསུམ”གྱི་སྲིད་ཇུས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་ཞག་སྡོད་ལམ་ལུགས་སློབ་གྲྭ་ཚད་ལྡན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་སྟེ་སློབ་གྲྭ་ཆུང་འབྲིང་གི་སློབ་ཁྲིད་སྤུས་ཚད་མཐོར་འདེགས་འཆར་གཞི་ལག་བསྟར་བྱས་པ། “དམངས་ཀྱིས་བྱ་གཞག་སྐྲུན། ཀུན་གྱིས་གསར་གཏོད་བྱེད་པའི”སྤྱིའི་བཀོད་སྒྲིག་ལྟར་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་འགན་ལེན་མ་ལག་གཞི་རྩའི་ཆ་ནས་བཙུགས་ཏེ་སྲིད་ཇུས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་སྡོད་ཁང་ལམ་ལུགས་སྒྱུར་བཅོས་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བ། འཕྲོད་བསྟེན་དང་འཆར་བཙའི་བྱ་གཞག་ཐད། “ལོ་ལྔ་ཚན་བཅུ་གསུམ་པའི”འཕེལ་རྒྱས་དམིགས་ཚད་གཏན་འཁེལ་བྱས་ནས“ནད་གཞི་ཆེ་གྲས་བོད་ནས་ཕྱིར་སྐྱོད་མི་དགོས་པ་དང་། ནད་གཞི་འབྲིང་གྲས་གྲོང་ཁྱེར་ནས་ཕྱིར་སྐྱོད་མི་དགོས་པ། ནད་གཞི་ཆུང་གྲས་རྫོང་ནས་ཕྱིར་སྐྱོད་མི་དགོས་པ”བཅས་རེད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱིས་རྨང་གཞི་བརྟན་དུ་གཏོང་བའི་ལས་ཀའི་རྩ་དོན་མཐའ་འཁྱོངས་ཀྱིས་རྩ་ལག་མཉམ་བཅོས་དང་ལྷག་པར་དུ་རྩ་བ་བཅོས་རྒྱུ་གཙོ་གནད་དུ་བྱས་ནས་མཐའ་འཁྱོངས་བྱས་ཐོག རྨང་གཞི་བརྟན་གཏོང་དང་ཕུགས་ལ་ཕན་པའི་བྱ་བ་མང་པོ་བསྒྲུབས་ནས་གཞི་རིམ་རྩ་འཛུགས་སྟོབས་ཆེར་དང་རྨང་གཞིའི་ལས་དོན་ཏན་ཏིག་བསྒྲུབས་ཏེ“རྨང་བརྟན་དམངས་ཕན”འདུ་འགོད་ལག་བསྟར་གཏིང་ཟབ་དང་། ལས་བྱེད་པ་གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་ལས་དོན་གཏིང་ཟབ་སྤེལ་ནས་དགོན་སྡེ་བཅོས་སྐྱོང་ལ་ཁྲིམས་ལྟར་ཤུགས་སྣོན་གྱིས་སྤྱི་ཚོགས་བཅོས་སྐྱོང་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ་རེད།

    “གྲོང་སྡོད་ལས་དོན་རུ་ཁག་ནི་ཏང་དང་སྲིད་གཞུང་གིས་ང་ཚོར་རོགས་རམ་བྱེད་པར་མངགས་པའི་གཉེན་ཉེ་ཡིན། ཁོང་ཚོས་ང་ཚོར་བྱ་བ་དངོས་དང་བྱ་བཟང་མང་པོ་བསྒྲུབས་ཡོད། ‘དོན་དག་ཡོད་ན་ལས་དོན་རུ་ཁག་འཚོལ’ཞེས་པ་འདི་གྲོང་མི་ཚོའི་ཁ་རྒྱུན་དུ་གྱུར་འདུག”ཅེས་པའི་ནག་ཆུ་ས་ཁུལ་ཨ་མདོ་རྫོང་རྩ་རིང་གྲོང་རྡལ་གྲོང་ཚོ་དང་པོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསམ་དཀར་གྱི་མྱོང་ཚོར་གླེང་བའི་གཏམ་དེས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཐུན་མོང་གི་བསམ་འདུན་མཚོན་ཡོད་པ་རེད།

    “འཛམ་གླིང་ཡང་རྩེ”དང་། སའི་གོ་ལའི་སྣེ་གསུམ་པ། ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་ཅེས་གྲགས་པའི་བོད་ནི་ཨེ་ཤེ་ཡ་དང་ཐ་ན་སའི་གོ་ལའི་ཕྱེད་བྱང་མའི་གནམ་གཤིས་སྙོམས་སྒྲིག་ཁུལ་གལ་ཆེན་ཞིག་ཡིན། རྒྱལ་ཡོངས་ཀྱི་ཆུའི་ལྔ་ཆ་གཅིག་མཚོ་བོད་ས་མཐོ་ནས་ཐོན་པས་སྣོད་བཅུད་ནུས་པ་ཧ་ཅང་ཆེན་པོ་ཡོད་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏང་གི་བོད་སྐྱོང་མཛད་ཇུས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། མི་དམངས་མང་ཚོགས་དང་བུ་རབས་ཚ་རྒྱུད་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་སྣོད་བཅུད་དེ་འཕེལ་རྒྱས་བརྟན་ལྷིང་དང་གལ་ཆེ་མཉམ་དུ་འཛིན་པ། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ནས་རི་སྔོན་པོ་ནམ་ཡང་གནས་པ་དང་། ཆུ་དྭངས་གཙང་རྒྱུན་དུ་རྒྱུག་པ། མཁའ་རླུང་གཙང་མ་རྒྱུན་དུ་ཡོད་པ་བཅས་ཀྱི་འགན་ལེན་བྱས་ཏེ་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

    དཔྱད་གཞི་ལས་མངོན་པར། བོད་ཀྱི་ས་མཐོའི་སྣོད་བཅུད་མ་ལག་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་དང་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་ནུས་ལྡན་ཐུབ་ནས་བོད་འདི་ཉིད་སྔར་བཞིན་གོ་ལ་ཧྲིལ་པོའི་ས་ཁུལ་གཙང་ཤོས་གྲས་ཤིག་ཡིན་པ་རེད། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པའི་ངོས་ནས་རང་ལྗོངས་ཀྱིས་ཉེ་བའི་ལོ་ཤས་རིང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་བས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་བྱུང་བ་དང་དུས་མཚུངས། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་ལས་དོན་ལའང་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    འབད་འབུངས་མདུན་སྐྱོད།——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱས་ཏེ་རང་ལྗོངས་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ཏན་ཏིག་བཏང་བ།

    རྒྱལ་ཁབ་ཡོད་ན་གཞི་ནས་ཁྱིམ་ཚང་ཡོད་ལ། རྒྱལ་མཚམས་ཀྱི་དུས་བདེ་མེད་ན་ཁྱིམ་ཚང་ཁྲི་སྟོང་མང་པོའི་དུས་བདེ་མེད། མེས་རྒྱལ་གྱི་མངའ་ཁོངས་ས་ཆའི་ཐོག་གི་རྩྭ་རྩི་ཤིང་ཚུན་ཆད་ང་ཚོ་ཚང་མས་སྲུང་སྐྱོང་ཡག་པོ་བྱེད་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་སྨད་ཤང་གི་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་སྤྲིངས་པའི་འཕྲིན་ལན་ནང་མཐའ་སྲུང་མཐའ་བརྟན་གྱི་དོན་སྙིང་གལ་ཆེན་ལ་རྒྱས་བཤད་གཏིང་ཟབ་གནང་ཡོད་ལ། རྒྱ་ཆེའི་མཐའ་མཚམས་མང་ཚོགས་ཚོས་དུས་ཡུན་རིང་པོའི་ནང་སྐད་གྲགས་མེད་པར་ལེགས་སྐྱེས་འབུལ་བ་དང་རྒྱལ་ཁབ་ས་ཆ་སྲུང་བའི་བླ་ན་མེད་པའི་སྙིང་སྟོབས་ལ་ཁས་ལེན་གང་ལེགས་གནང་བས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཁྲི་ཚོ་300ལྷག་ཙམ་གྱི་མཐའ་སྲུང་མཐའ་དར་གྱི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་སོང་ཡོད།

    འདི་ལོའི་ཟླ་2ཚེས་21དང་ཚེས་22ཉིན། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཆེད་མངགས་མེ་ཏོག་རྫོང་གི་ཤང་གྲོང་ཁག་ཏུ་ཕེབས་ཏེ་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་ཐབས་དང་ཇུས་འདོན་པའི་བྱ་ཐབས་དམིགས་བསལ་ཅན་འདི་ལྟ་བུས་ཚང་མ་དང་མཉམ་དུ་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་དགའ་གཏོང་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་དགོངས་པ་གལ་ཆེན་དང་། ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་སྤྲིངས་པའི་འཕྲིན་ལན་གྱི་དགོངས་དོན་གལ་ཆེན་ལག་བསྟར་དོན་འཁྱོལ། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་པ། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་ཞིག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག”གི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་བ་བཅས་ཀྱི་སྒོ་ནས་སྐལ་བཟང་མེ་ཏོག་བཞིན་གངས་ལྗོངས་ཀྱི་མཐའ་མཚམས་སུ་རྩ་བ་ཚུགས་དགོས་པའི་ནན་བཤད་གནང་བ་རེད།

    འདི་ལོའི་ཟླ་2ཚེས་9ཉིན། ལྗོངས་ཡོངས་ཀྱི“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་ཞིག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག”གི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་སླད་མོན་པ་མི་རིགས་ཤང་དུ་སྔོན་ལ་སྤེལ་འགོ་ཚུགས་ཡོད། ཡུལ་སྨད་ཤང་ཚད་བརྒལ་བྱ་གཞིར་བྱས་ཏེ་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་628ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་འགོ་ཚུགས་པ་ལས་ད་ཆ་གྲོང་ཚོ་122ལས་འགོ་བཙུགས་ཡོད། འདི་ནི་རང་ལྗོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་སྤྲིངས་པའི་འཕྲིན་ལན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་ལག་ལེན་གསོན་ཉམས་དོད་པོ་ཞིག་རེད།

    རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་ཐོག“མི་དམངས་མང་ཚོགས་ཚོས་དོ་ཁུར་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་ཀྱིས་དམིགས་སའི་རང་བཞིན་དེ་བས་ཆེ་བ་དང་། ཁྱབ་རྒྱ་དེ་བས་ཆེ་བ། ནུས་པ་དེ་བས་ཐད་ཀར་ཐོན་པ། ཕན་འབྲས་དེ་བས་མངོན་གསལ་དོད་པ་བཅས་ཀྱི་བྱ་ཐབས་སྤྱད་དེ་སྟོབས་ཤུགས་གཅིག་སྡུད་ཀྱིས་གཞི་རིམ་རང་བཞིན་དང་མཐའ་སྐྱོང་རང་བཞིན་གྱི་དམངས་འཚོ་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་དགོས”ཞེས་བསྟན་པ་དང་། དབུལ་སྒྲོལ་འགག་སྒྲོལ་ནི་དམངས་འཚོའི་འདུ་འགོད་ཨང་དང་པོ་ཡིན་པས་རང་ལྗོངས་ཀྱིས་གདོང་མཆོང་དུང་བརྡ་བཏང་ཟིན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གནད་སྨིན་དབུལ་སྒྲོལ་གྱི་འགག་སྒྲོལ་དམག་འཐབ་ལ་ངེས་པར་དུ་རྒྱལ་ཁ་བླངས་ཏེ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་དགོས་པའི་ནན་བཤད་བྱས་ཡོད།

    ཏང་གི་ཚོགས་ཆེན་བཅུ་དགུ་པར། “མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་མཐའ་འཁྱོངས་བྱ་རྒྱུ”དེ་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་འཐབ་ཇུས་ཀྱི་གྲས་ཤིག་ཏུ་བརྩིས་ནས“སྣོད་བཅུད་ཤེས་དཔལ་སྒྲིག་སྲོལ་སྒྱུར་བཅོས་མགྱོགས་སུ་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན”བྱ་ཆེད་འཐབ་ཇུས་བཀོད་སྒྲིག་བྱས་ཡོད།

    རང་ལྗོངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྣོད་བཅུད་ཤེས་དཔལ་ལྟ་བ་བརྟན་པོ་བཙུགས་ཏེ་སྣོད་བཅུད་ཤེས་དཔལ་དེ་ཉིད་ལོ་ངོ་སྟོང་གི་ཇུས་ཆེན་དུ་བརྩིས་ནས་མིག་འབྲས་ལ་གཅེས་སྤྲས་བྱེད་པ་བཞིན་སྣོད་བཅུད་ཤེས་དཔལ་ལ་སྲུང་སྐྱོང་བྱེད་པ་དང་། སྣོད་བཅུད་ཀྱི་དམར་ཐིག་དང་། མཐའ་ཚད། གློག་ཆེན་བཅས་བརྟན་པོར་སྲུང་བ། མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་པ། དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བ། སྔོ་ཞིང་དྭངས་བའི་རི་ཆུ་དང་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་གསེར་རི་དངུལ་རིར་དངོས་འབྲེལ་འགྱུར་བ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་སྔོ་ལྗང་ཁྱིམ་གཞིས་སུ་འགྱུར་བ་བྱེད་དགོས།

    འདི་ལོ་ནི་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་ལོ་ཞིག་ཡིན། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་སྤྱི་འདོམས་སྐུལ་སྤེལ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་མཐུན་སྦྱོར་སྐུལ་འདེད་བཏང་ནས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་དགོས། ལྗོངས་སྤྱི་ཚོགས་ཚན་རིག་ཁང་ཨེ་ཤེ་ཡ་ལྷོ་མ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་དང་ཞིབ་འཇུག་པ་གཞོན་པ་སྤེན་པ་ལྷ་མོས་བོད་འདི་ཉིད་ཨེ་ཤེ་ཡ་ལྷོ་མར་ཕྱོགས་ནས་སྒོ་དབྱེ་བའི་རྒྱལ་ཁབ་ཀྱི་འགྲོ་ལམ་གལ་ཆེན་ཞིག་ཏུ་བསྐྲུན་ནས་སྲིད་ཇུས་མཐུན་སྦྱོར་དང་། སྒྲིག་ཆས་བརྗེ་ཚོང་། ཉོ་ཚོང་འབྲེལ་མཐུད། མ་དངུལ་མཉམ་འདྲེས། དམངས་སེམས་གཅིག་མཐུན་བཅས་ཧུར་ཐག་ཡོང་བ་བྱེད་པ་དང་། རྒྱལ་སྤྱིའི་མཉམ་ལས་ཀྱི་ལས་སྟེགས་གསར་པ་གཏོད་པ། ཐུན་མོང་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་བསྣན་པ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ཆེ་རུ་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་དེ་བས་ལེགས་པའི་ངང་སྒྲུབ་པ་བཅས་བྱས་ཏེ་བོད་ཀྱི་མཐའ་མཚམས་བརྟན་ལྷིང་དང་བདེ་འཇགས་ཡོང་རྒྱུར་སྐུལ་འདེད་བཏང་ནས་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་སྔར་བས་གཏིང་ཟབ་དང་ལག་ལེན་བསྟར་དགོས་པའི་ངོས་འཛིན་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།