[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཆེ་དགྲ་ལྷས་ནག་ཆུར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-13

    ཚེས་10དང་11ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་ནག་ཆུ་ས་ཁུལ་འབྲི་རུ་རྫོང་དང་ནག་ཆུ་རྫོང་དུ་ཕེབས་ཏེ་ཚན་རྩལ་ལ་བརྟེན་ནས་ལྕང་ཤིང་འཛུགས་པ་་དང་། འབྲོག་ལས་འཕེལ་རྒྱས། དབུལ་སྒྲོལ་འགག་སྒྲོལ་སོགས་ཐད་ཀྱི་ལས་དོན་ལ་གཙོ་གནད་ཐོག་བརྟག་ཞིབ་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐབ་ཇུས་བཀོད་སྒྲིག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་བསྒྱུར་བ་བྱེད་པ་དང་། ལྷག་དོན་དུ་ལྗང་མདོག་འཕེལ་རྒྱས་ཀྱི་ཞིབ་ཕྲའི་བསམ་ཕྱོགས་དང་། བྱེད་ཐབས། བྱ་སྤྱོད་བཅས་ཀྱི་ཐད་བསྒྱུར་བ་བྱེད་པ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པ། འདུ་འགོད་ཆེན་པོ་བཅུར་སྐུལ་འདེད་ཤུགས་ཆེན་གཏོང་བ། ཤུགས་སྣོན་ཆད་མེད་དང་ངེས་ཤུགས་མཐའ་འཁྱོངས་བྱེད་པ། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ནུས་ཤུགས་ཡོད་རྒུས་ཡག་པོ་རྒྱག་པ་བཅས་བྱས་ཏེ་ས་མཐོའི་འབྲོག་ཁུལ་གྱི་དོན་དངོས་དང་འཚམ་པའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་འཚོལ་ཞིབ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    “བོད་ལྗོངས་ནག་ཆུ་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་དུ་ཤིང་འཛུགས་ཀྱི་འགག་རྩའི་ལག་རྩལ་ཞིབ་སྤེལ་དང་སྔོ་འགྱུར་བྱེད་སྟངས་དཔེ་སྟོན་རྣམ་གྲངས”ལག་ལེན་བསྟར་འགོ་ཚུགས་ནས་ལོ་གཅིག་ལྷག་ཙམ་སོང་རིང་། ཁྱོན་སྡོང་ཕྲུག་སྣ་ཁ་16གི་ཤིང་སོན་ཁྲི་7ཙམ་ནང་འདྲེན་བྱས་ནས་བཏབ་པ་རེད། དབྱི་ལི་ཐོན་ཁུངས་ཚོགས་པའི་རྣམ་གྲངས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔའི་དགུན་སྒྲོལ་འགོག་སྲུང་བྱས་ཚུལ་ལ་བལྟས་ཚེ། ཡུན་ཧྲན་གསོམ་ཤིང་དང་གླང་ཤིང་སོགས་སྐྱེ་ཚུལ་བཟང་བ་དང་ཆ་སྙོམས་གསོན་ཚད་75%ཡན་ཟིན་ཡོད། ཆེ་དགྲ་ལྷས་འཕེལ་རིམ་གནས་ཚུལ་སྙན་སེང་ནན་ཏན་ངང་གསན་རྗེས་ཤིང་སྣའི་སྡོང་ཕྲུག་སྐྱེ་ཚུལ་ལ་གཟིགས་ནས་ཚན་རྩལ་བྱེད་ཐབས་དང་ཚོད་འདེབས་གྲུབ་འབྲས་བསྡུར་བ་སོགས་ཀྱི་གནས་ཚུལ་སྐོར་བཀའ་འདྲི་གནང་བ་རེད། ཁོང་གིས་ང་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱས་ཏེ“སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ། གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་བ་དང་། ཏང་ལ་ལྷག་བསམ་རྣམ་དག་དང་སྲོག་ཤིང་ལ་སྲུང་སྐྱོང་གི་ཆབ་སྲིད་ཀྱི་ཚུགས་གནས་དང་ཆབ་སྲིད་ཀྱི་རང་རྟོགས་ལ་བརྟེན་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་མི་རིགས་ཁག་གི་མི་དམངས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཟབ་ཏུ་ཏན་ཏིག་གཏོང་དགོས། ཉམས་མྱོང་ནན་ཏན་ངང་ཕྱོགས་སྡོམ་དང་ཚན་ཞིབ་འགག་སྒྲོལ་གྱི་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་དང་ལྷག་དོན་དུ་ནག་ཆུ་དང་འདྲ་བའི་ས་བབ་མཐོ་བའི་ས་ཁུལ་དུ་ཤིང་འཛུགས་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ནག་ཆུའི་འབྲོག་ལས་ཚན་རྩལ་དབུལ་སྐྱོར་ཐོན་ལས་གླིང་དང་ནག་ཆུ་རྫོང་གི་གནད་སྨིན་དབུལ་སྐྱོར་གྱི་ཁྱད་ལྡན་འབྲོག་ལས་ཐོན་ཟོག་ཕྱིར་ཚོང་པུའུ་རུ་ཆེ་དགྲ་ལྷས་ཐོན་སྐྱེད་གཉེར་སྐྱོང་དང་མང་ཚོགས་ལ་ཕན་པ་ཐོབ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

    ཆེ་དགྲ་ལྷས་ནག་ཆུ་ནི་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་གཙོ་བོའི་གྲས་ཤིག་ཡིན་པས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”གྱི་བརྗོད་དོན་གཙོ་བོའི་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་ལེན་བསྟར་རྒྱུ་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་པ་དང་། རང་འགུལ་ཧུར་ཐག་བྱ་རྒྱུའི་ཐད་ཤུགས་རྒྱག་པ། གནད་སྨིན་ཤུགས་འདོན་ཐད་ཤུགས་རྒྱག་པ། ཐོན་ལས་དབུལ་སྐྱོར་ཐད་ཤུགས་རྒྱག་པ། མང་ཚོགས་ལ་ཐག་ཉེ་ས་དང་སྟབས་བདེ་ས། སྒྲུབ་ཐུབ་པ་དང་སྒྲུབ་ཤེས་པའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ། མི་སེར་ཚོ་དུས་བཀག་ནང་དབུལ་སྒྲོལ་བརྟན་པོ་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།