[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ཀྱིས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”གྱི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-04

    “རྒྱལ་ཁབ་ཡོད་ན་གཞི་ནས་ཁྱིམ་ཚང་ཡོད་པ་དང་། རྒྱལ་མཚམས་དུས་བདེ་ཞོད་འཇགས་མེད་ན་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་འཇགས་ཡོང་མི་སྲིད། ང་ཚོས་མེས་རྒྱལ་ས་ཁོངས་ཀྱི་རྩྭ་རྩི་ཤིང་ཚུན་ཆད་ཡག་པོ་སྲུང་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་སྨད་ཤང་གི་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་སྤྲིངས་གནང་བའི་འཕྲིན་ལན་ལས་མཐའ་མཚམས་སྲུང་བ་དང་མཐའ་མཚམས་བརྟན་གཏོང་གི་དོན་སྙིང་གལ་ཆེན་གསལ་བཤད་གཏིང་ཟབ་བྱས་པ་དང་། རྒྱ་ཆེའི་མཐའ་མཚམས་མི་དམངས་ཀྱིས་དུས་ཡུན་རིང་པོའི་ནང་སྐད་གྲགས་མེད་པར་ལེགས་སྐྱེས་ཕུལ་བ་དང་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་བྱེད་པའི་བླ་ན་མེད་པའི་སྙིང་སྟོབས་ལ་ཁས་ལེན་གང་ལེགས་བྱས་པས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཁྲི་300ལྷག་ཙམ་གྱི་མཐའ་སྲུང་དང་མཐའ་མཚམས་འབྱོར་ཕྱུག་གི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་པ་རེད།

    འདི་ལོའི་ཟླ་2ཚེས་21ཉིན་ནས་22ཉིན་བར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཆེད་མངག་མེ་ཏོག་རྫོང་གི་ཤང་དང་གྲོང་རྡལ་ཁག་ཏུ་ཕེབས་ཏེ་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ཏེ་རྒྱ་ཆེའི་ལས་བྱེད་མང་ཚོགས་དང་མཉམ་དུ་ཐབས་འདོན་ཇུས་འགོད་གནང་བ་དང་དམིགས་བསལ་གྱི་བྱ་ཐབས་དེ་དག་ནས་ཚང་མ་དང་མཉམ་དུ་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་དགའ་གཏོང་བྱས་པ་རེད། ཁོང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་དགོངས་པ་གལ་ཆེན་དང་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་སྤྲིངས་གནང་བའི་འཕྲིན་ལན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅིའི་མངག་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ཏེ“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”གྱི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ནས་སྐལ་བཟང་མེ་ཏོག་ལྟར་གངས་ལྗོངས་ཀྱི་མཐའ་མཚམས་སུ་རྩ་བ་བརྟན་པོ་ཚུགས་དགོས་པའི་ནན་བཤད་གནང་བ་རེད།

    ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་ཕུར་བུ་དོན་གྲུབ་ཀྱིས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱ་རྒྱུ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པར་ང་ཚོར་སྤྲད་གནང་བའི་བླ་ན་མེད་པའི་འོས་འགན་དང་གཟི་བརྗིད་ལྡན་པའི་ལས་འགན་ཞིག་ཡིན། ལྷོ་ཁ་གྲོང་ཁྱེར་གྱི་མི་རིགས་ཁག་གི་མང་ཚོགས་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངག་བློ་ལ་བརྟན་པོར་བཅངས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་ལྟར་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་ཀྱིས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”ཞེས་བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་བ་དང་། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་སྐྲུན་རྒྱུ་དང་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་བྱ་རྒྱུ་དང་ཟུང་འབྲེལ་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱ་རྒྱུ་དང་ཟུང་འབྲེལ། མཐའ་མཚམས་མི་དམངས་དབུལ་སྒྲོལ་ཕྱུག་འགྱུར་དང་ཟུང་འབྲེལ། གཞི་རིམ་གྱི་གཡུལ་ས་འཛུགས་སྐྲུན་དང་ཟུང་འབྲེལ་བཅས་མཐའ་འཁྱོངས་བྱེད་པ། མཐའ་མཚམས་འཕེལ་རྒྱས་མགྱོགས་མྱུར་བཏང་ནས་མཐའ་མཚམས་བརྟན་པོ་དང་བདེ་འཇགས་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན། མིག་སྔར་རང་ལྗོངས་ཀྱིས་ཡུལ་སྨད་ཤང་ཚད་བརྒལ་བྱེད་སར་བྱས་ཏེ་ཕྱོགས་ཡོངས་ནས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་628སྐྲུན་རྒྱུའི་ཁྲོད་གྲོང་ཚོ་122འཛུགས་སྐྲུན་བྱེད་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

    ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་སླད་མོན་པ་མི་རིགས་ཤང་འདི་ཉིད་ཧི་མ་ལ་ཡའི་རི་རྒྱུད་ལྷོ་འདབས་ཀྱི་ལེགས་པོ་རོང་དུ་ཆགས་པ་དང་ནུབ་ངོས་སུ་འབྲུག་ཡུལ་དང་ལྷོ་ངོས་སུ་རྒྱ་གར་དང་འབྲེལ་ཞིང་། རི་སྔོ་ཞིང་ཆུ་དྭངས་པ་དང་ནགས་ཚལ་སྟུག་པོ་ཡོད། ཤང་ཡོངས་ཀྱི་དུད་ཚང་54ཡི་མང་ཚོགས་140ཡིས་དུས་ཡུན་རིང་པོའི་ནང་མེས་རྒྱལ་གྱི་མཐའ་མཚམས་ཀྱི་འཐབ་ས་དང་པོ་བརྟན་སྲུང་བྱེད་ཀྱི་ཡོད། འདི་ལོའི་ཟླ་2ཚེས་9ཉིན་ལྗོངས་ཡོངས་ཀྱི“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཡུལ་དེར་སྔོན་ལ་སྤེལ་འགོ་ཚུགས་ཡོད།

    སླད་མོན་པ་མི་རིགས་ཤང་གི་ཤང་ཀྲང་གཞོན་པ་སླད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་སྐལ་བཟང་བསྟན་འཛིན་གྱིས་ངའི་པ་ཕ་དེ་སྔ་ཀྲུང་གོ་དང་རྒྱ་གར་གྱི་རང་སྲུང་ཕར་རྒོལ་དམག་འཐབ་ནང་ཞུགས་མྱོང་ཡོད། རྒྱུན་དུ་རང་ཉིད་ལ་འཐབ་ས་དང་པོའི་འཐབ་འཛིང་པའི་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་སྐོར་ཤོད་ཀྱི་ཡོད། པ་ཕའི་ཤུགས་རྐྱེན་འོག་ངས་མི་ཚེ་ཕྱེད་ཀ་ལྷག་ཙམ་རིང་བསམ་པ་ཚང་མ་མཐའ་མཚམས་སྲུང་བའི་ཐད་འཇོག་གི་ཡོད། “རྒྱལ་ཁབ་ཀྱི་ས་ཆ་ཚང་མ་ནི་བླ་ན་མེད་པ་ཞིག་ཡིན་པས་རི་སྐོར་མཐའ་སྲུང་བྱ་རྒྱུ་ནི་ངའི་ཚེ་གང་གི་བྱ་གཞག་ཡིན”ཞེས་བཤད། ད་ཆ་མཐའ་མཚམས་མང་ཚོགས་ཚང་མ་བརྟན་ལྷིང་དང་འབྱོར་ཕྱུག་གི་འཚོ་བ་སྐྱེལ་རྒྱུ་བྱུང་མོད། འོན་ཀྱང་ལོ་ན་ཇེ་མཐོར་འགྲོ་བའི་སྐལ་བཟང་བསྟན་འཛིན་གྱིས་སྔར་རྒྱུན་བཞིན་རི་སྐོར་ནས་མཐའ་མཚམས་སྲུང་གི་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།