[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • དུས་རབས་གསར་པར་འབད་འཐབ་བྱེད། ཀྲུང་གོའི་ཕུགས་འདུན་མཉམ་དུ་སྒྲུབ།

    ​ —— ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ལེ་ཅི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པའི་སྐོར་གྱི་ཟུར་བྲིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-14

    490240_yis_1520918963974.jpg

    ཟླ་3ཚེས་10ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ལེ་ཅི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།

    490239_yis_1520918963054.jpg

    ཟླ་3ཚེས་10ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ལེ་ཅི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།

    ཟླ་3ཚེས་10ཉིན་གྱི་སྔ་དྲོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་བོད་ཀྱི་འཐུས་མི་ཚོགས་པས“ཆེས་མཐོའི་ཁང་གཉིས”ཀྱི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་བ་རེད།

    སྔ་དྲོའི་ཆུ་ཚོད་8དང་སྐར་མ་50ཙམ་ལ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ལེ་ཅི་བོད་ལྗོངས་ཚོམས་ཆེན་དུ་ཕེབས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་མཚོན་པར་གནང་ཡོད། དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་པའི་འཐུས་མི་སྒྲོལ་དཀར་དང་སྐལ་བཟང་བདེ་སྐྱིད་ཕེབས་བསུར་བཅར་ནས“བཀྲ་ཤིས་བདེ་ལེགས”ཞུས་པ་དང་ཆབས་ཅིག་དཀར་གཙང་གི་མཇལ་དར་ཡང་བསྒྲོན་པ་རེད།

    ཧྲུའུ་ཅི་ཀྲའོ་ལེ་ཅིས་འཐུས་མི་གཉིས་པོར་བྱམས་བརྩེའི་ངང་ཕྱག་བཏང་བ་དང་ཐུགས་སྣང་གཤིན་པོའི་སྒོ་ནས“སྐུ་ཁམས་བཟང་། སྐུ་ཁམས་བཟང”ཞེས་གསུངས།

    སྔ་དྲོའི་ཆུ་ཚོད་9པ་ཙམ་ལ་གྲོས་ཞིབ་བྱེད་འགོ་ཚུགས། འཐུས་མི་ཝུའུ་དབྱིང་ཅེ་དང་། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ཝང་གཡུང་ཅུན། ཚེ་རིང་མཚོ་ལྡན། ཕུན་ཚོགས་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་བ་རེད།

    ལོ་ལྔའི་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། ཤུགས་སྣོན་ཆད་མེད་དང་། སྙིང་རུས་གཏན་འཁྱོངས། འགག་སྒྲོལ་དཀའ་སེལ། གསར་འབྱེད་ཡར་བརྩོན་བཅས་བྱས་པས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད།

    འཕེལ་རྒྱས་ནི་རང་རེའི་ཏང་གི་སྲིད་སྐྱོང་རྒྱལ་དར་གྱི་ལས་འགན་གལ་ཆེན་ཨང་དང་པོ་ཡིན་ལ་བོད་ཀྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་འགག་རྩའང་རེད།

    འཐུས་མི་ཚོས་ལྗོངས་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་བྱུང་ཡོད། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་འཕར་ཚད་ལོ་ལྔ་བསྟུད་མར་རྒྱལ་ཡོངས་ཀྱི་མདུན་གྲལ་གྱི་ཨང་གསུམ་པར་སླེབས་ནས་ལོ་རེར་ཆ་སྙོམས་10.8%འཕར་བ་དང་། དཔལ་འབྱོར་གཞི་ཁྱོན་ལོ་ལྔའི་གོང་ལས་90%ཙམ་རྒྱ་ཆེར་སོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་ལྔའི་གོང་ལས་ལྡབ་2ཙམ་འཕར་བ་བཅས་བྱུང་ཡོད་ཅེས་གསུངས།

    བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་ནི་ལྡོག་མེད་ཀྱི་ལས་འགན་དང་འགན་འཁྲི་ཨང་དང་པོ་ཡིན།

    འཐུས་མི་ཚོས་ང་ཚོས་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་སར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་སྔར་བས་དམ་ཟབ་ཡོང་བ་བྱས་པས། ཆོས་ལུགས་ཉིན་བཞིན་འཆམ་མཐུན་དང་། “བརྟན་ལྷིང་རང་འགུལ་དུ་འགྱུར་རྒྱུའི”མི་རིགས་ཁག་གི་མང་ཚོགས་ཀྱི་འདུན་པ་ཆེ་རུ་སོང་བ། མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས། སྤྱི་ཚོགས་དུས་བབ་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་བྱུང་ཡོད་ཅེས་གསུངས།

    བོད་ནི“འཛམ་གླིང་ཐོག་གི་དག་ཞིང་མཐའ་མ”དེ་རེད།

    འཐུས་མི་ཚོས་ང་ཚོས་སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས་རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་ལ་བསྟུན་པ། རང་བྱུང་ཁམས་སྲུང་སྐྱོང་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྲུང་སྐྱོང་མངོན་གསལ་དོད་པོ་དང་སྔོན་ལ་འཛུགས་སྐྲུན་བྱ་རྒྱུ་གལ་ཆེ་མཉམ་དུ་འཛིན་ནས་ལྗང་མདོག་འཕེལ་རྒྱས་ལ་དམ་འཛིན་གྱིས་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་ནས་ཆ་རྐྱེན་འཛོམས་པའི་ས་ཆར“ཤིང་མེད་པའི་དུད་ཚང”མི་ཐོན་པ་བྱས་ཏེ་རི་ཀླུང་ཐམས་ཅད་སྔར་བས་མཛེས་སྡུག་ལྡན་པ་ཡོང་བ་བྱས་ཡོད་ཅེས་གསུངས།

    དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་པ་དང་དེར་རྒྱལ་ཁ་ཐོབ་པ་བྱས་ནས2020ལོར་སླེབས་སྐབས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ་ནི་རང་རེའི་ཏང་གིས་ལོ་རྒྱུས་དང་མི་དམངས་ལ་ཁས་ལེན་ནན་པོ་བྱས་པ་ཞིག་རེད།

    འཐུས་མི་ཚོས་རང་སྐྱོང་ལྗོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་གསར་སྤེལ་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་2017ལོར་གྲོང་ཚོ་དབུལ་པོ་1705དང་རྫོང་དབུལ་པོ་25དབུལ་ཞྭ་འབུད་པའི་ཚད་གཞིར་སླེབས་ནས་མི་འབོར་དབུལ་པོ་ཁྲི་15ཉུང་དུ་ཕྱིན་ཡོད་ཅེས་གསུངས།

    མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ནི་ང་ཚོའི་འབད་འཐབ་དམིགས་ཚད་ཡིན།

    འཐུས་མི་ཚོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་ཏུ་བསྒྲིལ་རྒྱུ་དེ་ལས་དོན་ཁག་སྒྲུབ་པའི་འགོ་འཛུགས་ས་དང་དོན་ལ་བབས་སར་བྱས་ནས་བདེ་སྐྱིད་ཁམས་བདེའི་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་བས། ལས་ཞུགས་དང་། སློབ་གསོ། སྨན་བཅོས། སྡོད་ཁང་། རྒན་གསོ་སོགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱུང་སྟེ་མི་རིགས་ཁག་གི་མང་ཚོགས་ལ་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་སོང་ཡོད་ཅེས་གསུངས།

    སྤྱོད་ཚུལ་འཛུགས་སྐྱོང་ནམ་ཡང་ཚར་དུས་མེད།

    འཐུས་མི་ཚོས་ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཆེ་ཤོས་ཤིག་ཏུ་བརྩིས་ནས་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ཏེ་མི་དམངས་མང་ཚོགས་ཀྱིས་མཐོང་ཐུབ་པ་དང་། ཚོར་བ་ཟབ་མོ་ཐུབ་པ། དངོས་འབྲེལ་བློ་ཡིད་ཚིམ་པའི་སྤྱོད་ཚུལ་བཟང་པོ་ཞིག་ཏུ་དམ་འཛིན་བྱེད་པ་དང་། རུལ་རྒོལ་འཐབ་རྩོད་ཀྱི་རྣམ་གནོན་རང་བཞིན་གྱི་གནས་བབ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ལ་ཆད་པ་མཐའ་གཅིག་ཏུ་གཅོད་པའི་སྒོ་ནས་གངས་ལྗོངས་ས་མཐོའི་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་རྣམ་པ་ཞིག་བཏོད་ཡོད་ཅེས་གསུངས།

    འཐུས་མི་ཚོས་བོད་ལ་འཕོ་འགྱུར་ཆེན་པོ་བྱུང་བ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཡར་རྒྱས་ཆེན་པོ་བྱུང་བའི་བསྡུས་རིས་ཤིག་ཡིན་པ་དེ་གཙོ་བོ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་སྣེ་འཁྲིད་པ་གནང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་དོན་དུ་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་གྱིས་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་གནང་བ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བ། རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་གནང་བ་བཅས་ལས་བྱུང་བ་ཞིག་རེད་ཅེས་གསུངས།

    ཧྲུའུ་ཅི་ཀྲའོ་ལེ་ཅི་ཡིས་གསན་ཞོར་དུ་ཟིན་བྲིས་བསྐྱོན་པ་དང་སྦྲགས་འབྲེལ་ཡོད་ཀྱི་བརྗོད་གཞིར་ཚང་མ་དང་ལྷན་དུ་སྤེལ་རེས་ཡང་ཡང་གནང་བ་རེད།

    མེ་ཏོག་རྫོང་གི་ལྷོ་པའི་གྲོང་ཚོ་ཞིག་ལ་དུད་ཚང་40ལྷག་ཡོད་པའི་ཁྲོད“མཐུན་སྒྲིལ་ཁྱིམ་ཚང”11ཡོད་པའི་སྐོར་གསན་སྐབས། ཀྲའོ་ལེ་ཅིས་གཉེན་སྒྲིག་ཁྱིམ་ཚང་གི་ཟླ་བོ་དེ་དག་གང་ནས་ཡིན་ནམ་ཞེས་བཀའ་འདྲི་གནང་།

    འཐུས་མི་སྐལ་བཟང་བདེ་སྐྱིད་ཀྱིས་ཕལ་ཆེ་བ་ལྗོངས་ཕྱིའི་སྤུན་ཟླའི་མི་རིགས་རེད་ཅེས་གསུངས།

    “ལྗོངས་ཡོངས་ལ་ད་དུང་ཤིན་ཏུ་དབུལ་པོའི་རྫོང་44དང་། ཤིན་ཏུ་དབུལ་པོའི་ཤང་315 ཤིན་ཏུ་དབུལ་པོའི་གྲོང་ཚོ་2440ཡོད” གྲངས་གཞི་དེར་ཀྲའོ་ལེ་ཅི་ཐུགས་སྣང་ཆེན་པོ་བྱུང་ནས་ཁོང་གིས་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་དཀའ་ཚེགས་ཆེན་པོ་ཡིན་པ་མཁྱེན་ནས་མི་འབོར་དབུལ་པོ་དེ་དག་ཁྲོད་ཞིང་པ་མང་བ་ཡོད་དམ་ཡང་ན་འབྲོག་པ་མང་བ་ཡོད་ཅེས་ཐུགས་ཁུར་གཟབ་བཞེས་ངང་བཀའ་འདྲི་གནང་།

    འཐུས་མི་བློ་བཟང་རྒྱལ་མཚན་གྱིས་ཤིན་ཏུ་དབུལ་པོའི་ས་ཁུལ་གཙོ་བོ་དེ་ཆབ་མདོ་དང་། ནག་ཆུ། གཞིས་རྩེ་བཅས་གྲོང་ཁྱེར་དང་ས་ཁུལ་གསུམ་ལ་གཅིག་སྡུད་ཆེ་བ་དང་ཞིང་པ་ཅུང་མང་བ་ཡོད་ཅེས་གསུངས།

    བོད་ཀྱིས“ཡུན་རིང་མི་འགྱུར་བ་གསུམ”མཐའ་འཁྱོངས་བྱེད་པའི་སྐོར་གསན་སྐབས། ཀྲའོ་ལེ་ཅིས“རྩྭ་ར་བརྒྱུད་བཤུག་བྱས་ཡོད་དམ་མེད”ཅེས་བཀའ་འདྲི་གནང་།

    འཐུས་མི་ཝུའུ་དབྱིང་ཅེས་ནག་ཆུའི་ས་ཆ་ཕལ་ཆེ་བར་རྩྭ་ར་བརྒྱུད་བཤུག་བྱེད་པའི་ཚོད་ལྟ་བྱེད་འགོ་བརྩམས་ནས་ཕན་འབྲས་ཡག་པོ་ཐོན་ཚུལ་ཞུས།

    བོད་ཀྱིས་ས་བབ་མཐོ་སར་སྡོད་པའི་འབྲོག་པ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་རྒྱུ་ལག་ལེན་ཤུགས་ཆེན་བསྟར་བས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་སྐུལ་མ་ཐེབས་པ་མ་ཟད། འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་ལ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡང་བྱུང་ཡོད།

    ཀྲའོ་ལེ་ཅིས་དོན་དེར་ཐུགས་མགུ་པོ་བྱུང་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྣོད་བཅུད་ཤེས་དཔལ་གྱི་ལྟ་བ་བརྟན་པོ་བཙུགས་ཏེ་ཚད་ལས་བརྒལ་ནས་ཕྱུགས་འཚོ་བའི་རིགས་མི་ཐོན་པ་བྱས་ཏེ་རྩྭ་རའི་གནོན་ཤུགས་ཆུང་དུ་བཏང་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    “གྲོང་ཚོར་ཏང་ཡོན་ག་ཚོད་ཡོད་དམ། མི་རེར་ཆ་སྙོམས་ཡོང་འབབ་སྒོར་13336ཟིན་པའི་ཁྲོད་དབྱར་རྩྭ་དགུན་འབུའི་ཡོང་འབབ་ཚུད་ཡོད་དམ”ཞེས་ཀྲའོ་ལེ་ཅིས་འཐུས་མི་ཚེ་རིང་མཚོ་ལྡན་ལ་ཐུགས་སྣང་གཤིན་པོའི་ངང་བཀའ་འདྲི་གནང་།

    “གྲོང་ཚོ་ཡོངས་ལ་ཏང་ཡོན་54ཡོད། མི་རེའི་ཆ་སྙོམས་ཡོང་འབབ་ནང་དབྱར་རྩྭ་དགུན་འབུའི་ཡོང་འབབ་ཚུད་མེད”

    ཀྲའོ་ལེ་ཅིས་གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་མང་ཚོགས་སྔར་ལས་མང་བར་འབབ་འཕར་ཕྱུག་འགྱུར་ཡོང་བའི་སྣེ་ཁྲིད་ཐུབ་རྒྱུའི་ཐུགས་རེ་གནང་བ་རེད།

    ཀྲའོ་ལེ་ཅིས་དམངས་འཚོར་ཐུགས་ཁུར་ཆེན་པོ་གནང་གི་ཡོད། ཁོང་གིས་ལྷ་སའི་དྲོད་རླངས་མཁོ་འདོན་གྱི་གནས་ཚུལ་དང་ཧྲའན་ཤིས་བོད་ལྗོངས་སློབ་འབྲིང་གི་སློབ་བསྡུ་དང་སློབ་ཁྲིད་ཀྱི་གནས་ཚུལ་སྐོར་ལ་མཁྱེན་རྟོགས་གནང་བ་རེད།

    ལྷ་སར་དྲོད་རླངས་མཁོ་འདོན་ཐུབ་པ་དང་ཧྲའན་ཤིས་བོད་ལྗོངས་སློབ་འབྲིང་གིས་སློབ་མ་400ལྷག་གསོ་སྐྱོང་བྱས་པའི་སྐོར་གསན་རྗེས། ཀྲའོ་ལེ་ཅི་ཐུགས་ཧ་ཅང་དགྱེས་པོ་བྱུང་བ་རེད།

    གཏམ་བཤད་ནན་ཏན་ངང་གསན་པ་དང་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་རྗེས། ཀྲའོ་ལེ་ཅིས་གསུང་བཤད་གལ་ཆེན་གནང་བ་རེད།

    ཀྲའོ་ལེ་ཅིས་བོད་ཀྱི་འཕེལ་རྒྱས་བརྟན་ལྷིང་དང་ཏང་འཛུགས་སྐྱོང་གི་ལས་དོན་ཁག་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ཏང་གི་སྤྱོད་ཚུལ་ནི་མིའི་བློ་ཕྱོགས་གཏད་མིན་དང་། ཏང་འཆི་གསོན་ཆགས་འཇིག་ལ་ཐུག་པ་ཞིག་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་སྤྱོད་ཚུལ་འཛུགས་སྐྱོང་སྐོར་གྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་བཀོད་སྒྲིག་བླང་བྱ་ལག་བསྟར་གཏིང་ཟབ་བྱེད་པ་དང་། “སྤྱོད་ཚུལ་བཞི”ཡོ་བསྲང་དང་སྤྱོད་ཚུལ་ལེགས་སུ་གཏོང་རྒྱུ་མཚམས་འཇོག་མི་བྱ་རྒྱུ་མཐའ་འཁྱོངས་བྱེད་པ།ཏན་ཏན་ཏིག་ཏིག་ངང་ལས་ཀ་བྱེད་པ་དང་སྙིང་རུས་གཏན་འཁྱོངས་བྱེད་པ།དམིགས་བསལ་དབང་ཆ་འཛིན་པའི་བསམ་བློའི་འཁྱེར་སོ་དང་དམིགས་བསལ་དབང་ཆ་འཛིན་པའི་སྣང་ཚུལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་མངོན་མེད་ངོ་བོ་འགྱུར་པའི་གནད་དོན་ལ་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་པ། དགོས་པའི་ལས་མི་བྱེད་པར་མི་དགོས་པའི་ལས་རྙོག་བཟོ་བ་དང་སྒྱིད་ལུག་གི་གནད་དོན་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་བཏང་ནས་སྤྱོད་ཚུལ་གནད་དོན་བསྐྱར་ལོག་མི་ཡོང་བ་མཐའ་གཅིག་ཏུ་བྱེད་དགོས། དམ་འཛིན་ལྷོད་མེད་དང་། དམ་འཛིན་ཤུགས་ཆེན་བྱས་ནས་གནད་དོན་རེ་རེ་བཞིན་ཐག་གཅོད་དང་ལྷུ་ཚིགས་རེ་རེ་བཞིན་བརྟན་པོ་བསྲུངས་ཏེ་དོ་དམ་བྱ་རྒྱུ་གོམས་གཤིས་སུ་འཇགས་པ་དང་སྲོལ་བཟང་གོམས་གཤིས་སུ་འགྱུར་བ་བྱེད་དགོས། མང་ཚོགས་ཀྱི་བསམ་འཆར་རྒྱ་ཁྱབ་ངང་ཉན་ཏེ་གནད་དོན་ཐོན་རིམ་བཞིན་ཐག་གཅོད་དང་། གནད་དོན་གང་མངོན་གསལ་དོད་པ་དེ་བཅོས་སྒྲིག་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་གསར་པར་བརྟེན་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དྲང་ནུས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་ཞེས་གསུངས་པ་རེད།

    ཀྲའོ་ལེ་ཅིའི་ཐུགས་ཁུར་གཟབ་བཞེས་དང་། བཀའ་མོལ་བརྩེ་བ་ལྡན་པ་ལས་འཐུས་མི་མི་རེ་ངོ་རེར་མདོངས་མཐའ་ཅན་ལ་དབྱར་གྱི་རྔ་གསང་བཞིན་དགའ་ཚོར་ཆེན་པོ་བྱུང་སྟེ་ལྕག་སྐུལ་ཆེན་པོ་ཐེབས་ཡོད།

    ཚོགས་ར་ཡོངས་དགའ་སྤྲོའི་རྣམ་པས་ཁེངས་པ་དང་དུས་ཚོད་ཀྱང་འཁྱུག་ཙམ་ངང་འདས།

    སྔ་དྲོའི་ཆུ་ཚོད་12ཙམ་ལ་གྲོས་ཞིབ་མཇུག་འགྲིལ་བ་དང་། ཀྲའོ་ལེ་ཅིས་འཐུས་མི་རྣམས་ལ་བསྐྱར་དུ་ཕྱག་བཏང་ནས་ཐུགས་སྣང་གཤིན་པོའི་ངང་ཞལ་གྱེས་བཀལ་མོལ་ཡང་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།