[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཁག་སོ་སོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུའི་འཐུས་མི་ཚོགས་པ་ཁག་གཅིག་གི་གྲོས་ཞིབ་ནང་ཞུགས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-10

    “གསུམ་བརྒྱད”རྒྱལ་སྤྱིའི་བུད་མེད་དུས་ཆེན་གྱི་སྐབས་སུ་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་བུད་མེད་ཀྱི་འཐུས་མི་དང་ཨུ་ཡོན་དང་དེ་བཞིན་རྒྱལ་ཡོངས་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད་སྤུན་ཟླ་རྣམས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་དང་ཟོལ་མེད་ཀྱི་སྨོན་འདུན་ཞུས་པ། 

    489074_yis_1520571743119.jpg

    ཟླ་3ཚེས་8ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཧྲན་ཏུང་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་རེད། “གསུམ་བརྒྱད”རྒྱལ་སྤྱིའི་བུད་མེད་དུས་ཆེན་གྱི་སྐབས་སུ་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་བུད་མེད་འཐུས་མི་དང་། བུད་མེད་ཨུ་ཡོན། བུད་མེད་ལས་དོན་མི་སྣ་བཅས་དང་དེ་བཞིན་རྒྱལ་ཡོངས་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད་སྤུན་ཟླ་རྣམས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་དང་ཟོལ་མེད་ཀྱི་སྨོན་འདུན་ཞུས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་བུད་མེད་འཐུས་མི་དང་བྱམས་བརྩེའི་ངང་གླེང་མོལ་གནང་བའི་གནས་ཚུལ་ཡིན་པ།

    ཚེས་8ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ལེ་ཅི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཧན་ཀྲེང་བཅས་ཁག་སོ་སོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་འཐུས་མི་ཚོགས་པ་ཁག་གཅིག་གི་གྲོས་ཞིབ་ནང་ཞུགས་པ་རེད།

    ཞི་ཅིན་ཕིང་ཧྲན་ཏུང་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། ཚོགས་འདུའི་ཐོག་ལིའུ་ཅ་དབྱི་དང་། ཀུང་ཀྲེང་། ཐན་ཞུས་ཀོང་། ཆིའུ་ཡ་ཕུའུ། ཀྲུའོ་ཁྲང་ལི། ཝང་དབྱིན་ཤང་། ཕུའུ་མིང་ཤན། ཀྲང་ཧྲུའུ་ཆིན་སོགས་འཐུས་མི་བརྒྱད་ཀྱིས་སྔ་རྗེས་སུ་སྒུལ་ནུས་གསར་རྙིང་བརྗེ་སྒྱུར་དང་། ཚན་རྩལ་གསར་གཏོད་ལ་དར་སྲོལ་ཁ་ཕྱོགས་སྟངས་འཛིན་གྱི་དབང་ཆ་ཐོབ་པ། “དཀའ་བ་གཉིས”ཀྱི་མི་སྣའི་ལས་ཞུགས་ཐག་གཅོད་ཡག་པོ་བྱེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་བསམ་འཆར་བཏོན་གནང་བ་རེད། 

    ཀུང་ཀྲེང་གིས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བར་བྱས་རྗེས་ལ་ཐོབ་རྩོད་མི་བྱེད་པའི་བསམ་བློ་ཡོད་དགོས་པའི་སྐོར་གླེང་སྐབས་ཞི་ཅིན་ཕིང་གིས་བྱས་རྗེས་ལ་ཐོབ་རྩོད་མི་བྱེད་ཅེས་པ་ནི་སྒྱིད་ལུག་དང་། སྲིད་དོན་ལྷོད་གཡེང་། ལས་དོན་མི་སྒྲུབ་པ་བཅས་མིན་པར་ཡང་དག་པའི་སྲིད་དོན་བྱས་རྗེས་ཀྱི་ལྟ་བ་ཟབ་ཏུ་བཏང་ནས་མི་སེར་ཚོས་མཐོང་རྒྱུ་ཡོད་པ་དང་། རེག་རྒྱུ་ཡོད་པ། དངོས་ཕན་ཐོབ་པ་བཅས་ཀྱི་བྱ་བ་དངོས་སྒྲུབ་དགོས་ལ་མི་རབས་རྗེས་མར་འཆར་གཞི་འགོད་པ་དང་། རྨང་གཞི་འདིང་བ། ཕུགས་ལ་ཕན་ལ་བཅས་ཀྱི་བྱ་བ་བཟང་པོའང་བསྒྲུབ་རྒྱུ་དེ་རེད། མངོན་ཡོད་ཀྱི་བྱས་རྗེས་འཇོག་དགོས་ལ་མངོན་མེད་ཀྱི་བྱས་རྗེས་ཀྱང་བཞག་ནས་མི་སྒེར་གྱི་ཁེ་གྲགས་ལ་མི་བལྟ་བར་མི་དམངས་མང་ཚོགས་ཀྱི་བསྔགས་བརྗོད་བཟང་པོ་དང་། མ་འོངས་པར་གདེང་འཇོག་བཟང་པོ་ཐོབ་པའི་བརྩོན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད། དེ་རྗེས་ཀྲང་ཧྲུའུ་ཆིན་གྱིས་གསར་བརྗེའི་སྤྱོད་བཟང་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས་པའི་སྐོར་གླེང་སྐབས། ཞི་ཅིན་ཕིང་གིས་གསར་བརྗེའི་སྤྱོད་བཟང་རྒྱུན་འཛིན་བྱེད་དགོས། ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོ་ཆགས་པའི་བར་ཀྱག་ཀྱོག་གི་ལམ་བུ་མང་པོ་བརྒྱུད་པ་དང་། བྱས་རྗེས་ངོ་མཚར་ཅན་མང་པོ་བཏོད་ཡོད་པས་མི་རབས་རྗེས་མ་རྣམས་ཀྱིས་མི་བརྗེད་པ་བྱེད་དགོས། ང་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་ཇི་སྲིད་བར་ཁ་ཕྱོགས་དང་འགྲོ་ལམ་མི་འཛོལ་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད། 

    ཞི་ཅིན་ཕིང་གིས་མཇུག་ཏུ་གསུང་བཤད་གལ་ཆེན་གནང་སྐབས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཧྲན་ཏུང་གི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་། ཁོང་གིས་ཧྲན་ཏུང་གི་བློ་མཐུན་ཚོས་ཡང་འབད་བསྐྱར་འབད་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་བརྒྱུད་རིམ་ནང་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ནང་མདུན་གྲལ་དུ་བསྐྱོད་དེ་དུས་རབས་གསར་པའི་དེང་རབས་ཅན་གྱི་སྟོབས་ཆེའི་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་པ་ཕྱོགས་ཡོངས་ནས་གཏོད་དགོས་པའི་ཐུགས་རེ་གནང་བ་རེད།

    ཞི་ཅིན་ཕིང་གིས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་རྒྱུ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བྱས་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་གལ་ཆེན་ཞིག དུས་རབས་གསར་པར“ཞིང་གསུམ”ལས་དོན་ལེགས་པར་སྒྲུབ་པའི་སྤྱིའི་དམ་འཛིན་བྱེད་གཞི་ཞིག་བཅས་རེད། ཞིང་ལས་སྟོབས་ཆེ་དང་མི་ཆེ་དང་། གྲོང་གསེབ་མཛེས་དང་མི་མཛེས། ཞིང་པ་ཕྱུག་དང་མི་ཕྱུག་བཅས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱུ་སྤུས་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྤུས་ཚད་ཐག་གཅོད་ཐུབ། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བའི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཏན་ཏན་ཏིག་ཏིག་གི་སྒོ་ནས་ལག་ལེན་ཡག་པོ་བསྟར་དགོས་པའི་མཛུབ་སྟོན་གནང་བ་རེད། ཞི་ཅིན་ཕིང་གིས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་རྒྱུ་ནི་བྱེད་རིན་ཆེན་པོ་ཡོད་པ་ཞིག་ཡིན་པས་སྤྱི་འདོམས་ཇུས་འགོད་བྱེད་པ་དང་། ཚན་རིག་དང་མཐུན་པའི་ངང་སྐུལ་འདེད་གཏོང་དགོས། གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་དེང་རབས་ཞིང་ལས་འཕེལ་རྒྱས་འགྲོ་རྒྱུར་དམ་པོར་དམིགས་པ་དང་། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་འགྲོ་རྒྱུར་དམིགས་ནས་གྲོང་གསེབ་ཀྱི་ཐོན་ལས་མ་ལག་སྐྲུན་པ་དང་། ཐོན་ལས་དར་རྒྱས་ཡོང་བ། ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་ཞིང་པའི་འབབ་འཕར་ཐོག་དོན་འཁྱོལ་ཡོང་བ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་གྲོང་གསེབ་ཀྱི་དབུལ་པོ་ཉུང་དུ་གཏོང་བ་དང་གྲོང་གསེབ་ཀྱི་འཚོ་བ་ཕྱུག་པོ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས། དེང་རབས་ཞིང་ལས་འཕེལ་རྒྱས་བཏང་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་ཀྱི་བདེ་འཇགས་འགན་ལེན་བྱེད་པ་དང་། ཞིང་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་པ། དེང་རབས་ཞིང་ལས་ཀྱི་ཐོན་ལས་མ་ལག་དང་། ཐོན་སྐྱེད་མ་ལག གཉེར་སྐྱོང་མ་ལག་བཅས་སྐྲུན་མགྱོགས་སུ་གཏོང་བ། ཞིང་ལས་དེ་ཐོན་འཕར་ནས་སྤུས་ཚད་མཐོར་གཏོང་གི་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཞིང་ལས་ཀྱི་གསར་གཏོད་བྱེད་ནུས་དང་། འགྲན་རྩོད་བྱེད་ནུས། རྒྱུ་རྐྱེན་ཡོངས་ཚང་གི་ཐོན་སྐྱེད་ལས་ཕྱོད་བཅས་ཆེ་རུ་གཏོང་བ་དང་། ཞིང་ལས་ཀྱི་སྤུས་ཚད་དང་། ཕན་འབྲས། སྤྱི་ཡོངས་ཀྱི་བྱང་ཚད་བཅས་མཐོར་རུ་གཏོང་དགོས། གྲོང་གསེབ་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་སྐུལ་འདེད་བཏང་ནས་ཤེས་ལྡན་མི་སྣའི་ཐོན་ཁུངས་གསར་སྤེལ་བྱ་རྒྱུ་གནས་བབ་ཨང་དང་པོར་འཇོག་པ་དང་། གྲོང་གསེབ་དར་རྒྱས་ལ་ཤེས་ལྡན་མི་སྣའི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཆེད་ལས་ཞིང་པ་གསར་པའི་གཉེར་སྐྱོང་བྱེད་པོ་སྐྱེད་སྲིང་མྱུར་པོ་བྱེད་པ། གྲོང་གསེབ་ཏུ་སྡོད་འདོད་ཡོད་པ་དང་ཕ་ཡུལ་འཛུགས་སྐྲུན་བྱེད་འདོད་ཡོད་པ་རྣམས་སེམས་གནས་པ་དང་། རི་ཁུལ་དང་གྲོང་གསེབ་ཏུ་འགྲོ་འདོད་ཡོད་པ་དང་གྲོང་གསེབ་ལ་དྲིན་ལན་འཇལ་འདོད་ཡོད་པ་རྣམས་ལ་དེ་བས་སེམས་ཤུགས་ཡོད་པ། ཤེས་ལྡན་མི་སྣ་སྣ་ཚོགས་ཡངས་ཤིང་རྒྱ་ཆེ་བའི་གྲོང་གསེབ་ཀྱི་ས་གཞི་ཆེན་པོའི་ཐོག་འཇོན་ནུས་གང་ལེགས་ངོམ་པ་དང་། ཤེས་ཡོན་གང་ཡོད་ངོམ་པ། ནུས་ཤུགས་ཡོད་ཚད་འདོན་པ་བཅས་བྱ་རྒྱུར་སྐུལ་ལྕག་བྱེད་པ། གྲོང་གསེབ་དར་རྒྱས་གཏོང་བའི་ཤེས་ལྡན་མི་སྣའི་དཔུང་ཁག་སྟོབས་ཆེན་ཞིག་གཏོད་པ་བཅས་བྱས་ཏེ་གྲོང་གསེབ་ཏུ་ཤེས་ལྡན་མི་སྣ་དང་། ས་ཞིང་། མ་དངུལ། ཐོན་ལས་བཅས་གཅིག་ཏུ་སྡུད་པའི་འཁོར་རྒྱུག་བཟང་པོ་ཞིག་ཆགས་པ་བྱེད་དགོས། གྲོང་གསེབ་ཀྱི་རིག་གནས་དར་རྒྱས་ལ་སྐུལ་འདེད་བཏང་ནས་གྲོང་གསེབ་ཀྱི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་དང་། སྤྱི་པའི་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྣེ་ཁྲིད་དུ་བྱས་ཏེ་ཕུལ་བྱུང་གི་སྲོལ་རྒྱུན་རྨོ་འདེབས་རིག་གནས་ཀྱི་ནང་གནས་ཀྱི་བསམ་བློའི་ལྟ་བ་དང་། མི་ཆོས་རིག་གནས་ཀྱི་སྙིང་སྟོབས། ཀུན་སྤྱོད་ཀྱི་ཚད་གཞི་བཅས་སྔོག་འདོན་གཏིང་ཟབ་བྱས་ནས་ཕ་ཡུལ་རིག་གནས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་དང་། བརྗོད་དོན་གཙོ་བོ་དང་སྤྱི་ཚོགས་ཀྱི་སྤྱོད་བཟང་དར་སྤེལ་གཏོང་བ། ཤེས་དཔལ་ལྡན་པའི་ཡུལ་སྲོལ་དང་། ཁྱིམ་སྲོལ་བཟང་པོ། བབ་ཆགས་པའི་དམངས་སྲོལ་བཅས་སྐྱེད་སྲིང་བྱེད་པ། ཞིང་པའི་བསམ་པའི་ཉམས་འགྱུར་ལེགས་སུ་གཏོང་བ། གྲོང་གསེབ་སྤྱི་ཚོགས་ཀྱི་ཤེས་དཔལ་ཚད་གཞི་མཐོ་རུ་གཏོང་བ་བཅས་བྱས་ཏེ་གྲོང་གསེབ་ཤེས་དཔལ་གྱི་རྣམ་པ་གསར་པ་ལྷམ་མེར་མངོན་པར་བྱེད་དགོས། གྲོང་གསེབ་ཀྱི་སྣོད་བཅུད་དར་རྒྱས་ལ་སྐུལ་འདེད་བཏང་ནས་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ་དང་། གྲོང་གསེབ་ཀྱི་ཁོར་ཡུག་གནད་དོན་མངོན་གསལ་དོད་པོ་ཕྱོགས་བསྡུས་བཅོས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་གི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་ལག་ལེན་ཏན་ཏིག་བསྟར་བ། གྲོང་གསེབ་ཀྱི“གསང་སྤྱོད་གསར་བརྗེ”ལ་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་འཚོ་བའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། ཞིང་པ་བདེ་སྡོད་ལས་བརྩོན་གྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་གཏོད་པ་བཅས་བྱས་ནས་སྣོད་བཅུད་བཟང་པོ་དེ་གྲོང་གསེབ་དར་རྒྱས་གཏོང་བའི་འདྲེན་རྟེན་དུ་འགྱུར་བ་བྱེད་དགོས། གྲོང་གསེབ་ཀྱི་རྩ་འཛུགས་དར་རྒྱས་ལ་སྐུལ་འདེད་བཏང་ནས་གྲོང་གསེབ་ཀྱི་གཞི་རིམ་སྟོབས་ཆེའི་ཏང་རྩ་འཛུགས་ཁྲི་སྟོང་མང་པོ་གཏོད་པ་དང་། ཕུལ་བྱུང་གི་གྲོང་གསེབ་གཞི་རིམ་གྱི་ཕུལ་བྱུང་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཁྲི་སྟོང་མང་པོ་གསོ་སྐྱོང་བྱེད་པ། གྲོང་མིའི་རང་སྐྱོང་ལག་ལེན་གཏིང་ཟབ་ཏུ་གཏོང་བ། ཞིང་པའི་མཉམ་ལས་དཔལ་འབྱོར་རྩ་འཛུགས་འཕེལ་རྒྱས་གཏོང་བ། ཏང་ཨུད་ཀྱིས་འགོ་ཁྲིད་བྱེད་པ་དང་། སྲིད་གཞུང་གིས་འགན་འཁུར་བ། སྤྱི་ཚོགས་ཀྱིས་མཐུན་སྦྱོར་བྱེད་པ། སྤྱི་དམངས་ཞུགས་པ། ཁྲིམས་སྐྱོང་འགན་ལེན་བྱེད་པ་བཅས་ཀྱི་དེང་རབས་གྲོང་གསེབ་ཀྱི་སྤྱི་ཚོགས་བཅོས་སྐྱོང་སྒྲིག་གཞི་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་གྲོང་གསེབ་ཀྱི་སྤྱི་ཚོགས་ལ་གསོན་ཤུགས་ཀྱིས་ཁེངས་པ་དང་། བརྟན་ལྷིང་གོ་རིམ་ལྡན་པ་ཡོང་བའི་འགན་ལེན་ཏན་ཏིག་བྱེད་དགོས། གྲོང་གསེབ་དར་རྒྱས་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་དར་རྒྱས་ཡོང་རྒྱུར་སྐུལ་འདེད་བཏང་ནས་སྔོན་ལ་འཆར་འགོད་དང་། གནད་སྨིན་ཇུས་འདོན། རིགས་དབྱེ་སྐུལ་འདེད་བཅས་བྱས་ཏེ་ས་གནས་ཁག་གི་ཧེ་བག་དང་ཁྱད་ཆོས་ཚན་རིག་དང་མཐུན་པའི་ངང་ཁོང་དུ་ཆུད་པ་དང་། ས་ཁོངས་ཀྱི་ཁྱད་ཆོས་ལ་སྣང་ཆེན་བྱེད་པ། ཕ་ཡུལ་གྱི་ཡུལ་སྲོལ་གོམས་གཤིས་མཚོན་པར་བྱེད་དགོས་པ་དང་ལྷག་དོན་དུ་སྲོལ་རྒྱུན་གྱི་སྡེ་ཚོ་དང་། མི་རིགས་ཀྱི་གྲོང་སྡེ། སྲོལ་རྒྱུན་གྱི་བཟོ་བཀོད་བཅས་སྲུང་སྐྱོང་ཡག་པོ་བྱས་ཏེ་གཅིག་དཔེ་བརྒྱ་འགེབས་དང་། དཔེ་དབྱིབས་གཅིག་གྱུར། གཅིག་ཐོག་གཉིས་སྤོར་བཅས་བྱེད་མི་ཉན་པ་དང“མཚོན་རྟགས་ལས་གྲྭ”གཏན་འགོག་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།

    ཞི་ཅིན་ཕིང་གིས་རྒྱ་ཆེའི་ཞིང་པ་ཚོའི་འདོད་འདུན་ལ་བརྩི་འཇོག་གང་ལེགས་བྱས་ནས་རྒྱ་ཆེའི་ཞིང་པ་ཚོའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐོང་འཐེན་བྱས་ནས་རྒྱ་ཆེའི་ཞིང་པ་ཚོས་མཛེས་སྡུག་ལྡན་པའི་འཚོ་བར་རེ་འདོད་བྱེད་པ་དེ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སུ་འགྱུར་བ་བྱས་ཏེ། རྒྱ་ཆེའི་ཞིང་པ་ཚོའི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པ་དང་། རྒྱ་ཆེའི་ཞིང་པ་ཚོ་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་དགོས་པའི་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།