[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོ་འགོ་ཚུགས་ཀྱི་གནས་ཚུལ་གཟབ་རྒྱས་ལྟ་ཉན་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-07

    སྔ་དྲོའི་ཆུ་ཚོད་དགུ་པར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོ་པེ་ཅིང་དུ་འགོ་ཚུགས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ་རེད། རང་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་སྤྲོ་སེམས་ཀྱིས་ཁེངས་བཞིན་དུ་བརྙན་འཕྲིན་དང་། རླུང་འཕྲིན། དྲ་རྒྱ་སོགས་བརྒྱུད་འགོ་ཚུགས་མཛད་སྒོའི་ཐད་གཏོང་གནས་ཚུལ་དང་སྙན་སྒྲོན་ལྟ་ཉན་བྱས་པ་རེད། ཚང་མས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ཧྲིལ་པོ་མི་དམངས་ལྟེ་བར་བྱས་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལ་ཁྱབ་པ་དང་མི་རྩ་བར་འཛིན་པ་དང་དམངས་ཆེད་སྲིད་འཛིན་པའི་ངོ་བོའི་བླང་བྱ་མངོན་པའི་བསམ་བློ་བཅིངས་འགྲོལ་དང་། སྒྱུར་བཅོས་གསར་གཏོད། དམངས་ཆེད་དང་དམངས་གཅེས་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་ཡིན་པས་བོད་ཀྱིས་ནུས་ཤུགས་ཡོད་རྒུས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་རྒྱུར་སྐུལ་འདེད་གཏོང་བའི་ང་ཚོའི་ཆོད་སེམས་དང་ཡིད་ཆེས་སྔར་བས་བརྟན་དུ་ཕྱིན་ཏེ་སླད་ཕྱིན་གྱི་འཚོ་བ་དང་ལས་ཀའི་ཁྲོད་བྱ་སྤྱོད་དངོས་ཀྱི་ཐོག་ནས་རང་ལྗོངས་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཐད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

    ཚེས་5ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོ་འགོ་ཚུགས་ཀྱི་གནས་ཚུལ་བལྟས་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་ཏང་ཨུད་ལས་བྱེད་པ་རྒན་གྲས་ཅུས་ཀྱི་ཅུས་ཀྲང་སྒྲོལ་དཀར་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་སྦྲགས། གསུང་བཤད་ཀྱང་གནང་བ་རེད། ཚོགས་འདུའི་ཐོག་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔར་ནས་བཟུང་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་རྒན་གྲས་ཚོས་ཆེས་དཀའ་ཚེགས་ཆེ་བའི་ཆ་རྐྱེན་འོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་པ་མ་ཟད། རྒན་ཡོལ་ཞུས་རྗེས་སྔར་བཞིན་ནུས་ཤུགས་ལྷག་མ་འདོན་སྤེལ་བྱེད་བཞིན་ཡོད། ལས་བྱེད་པ་རྒན་གྲས་ཀྱི་ལས་ཀ་བྱེད་མཁན་ཞིག་ཡིན་པའི་ངོས་ནས་སྔར་རྒྱུན་བཞིན་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་ཡག་པོ་བསྒྲུབས་སྟེ་ལས་བྱེད་པ་རྒན་གྲས་ཀྱི་ལས་ཀ་དང་འབྲེལ་བ་ཡོད་པའི་ཏང་དང་རྒྱལ་ཁབ་ཀྱི་མཛད་ཕྱོགས་སྲིད་ཇུས་དོན་ཐོག་ཏུ་མཐའ་གཅིག་ཏུ་འཁྱོལ་བ་བྱས་ནས་བསམ་བློར་ཐུགས་ཁུར་དང་འཚོ་བར་ལྟ་རྟོག་གང་ཐུབ་བྱས་ཏེ་བསམ་བློ་དང་ནུས་ཤུགས་གང་ཡོད་རང་ལྗོངས་ཀྱི་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུའི་ཐད་འདོན་དགོས་ལུགས་བསྟན་གནང་ཡོད།

    ལྗོངས་སྲིད་གྲོས་ལས་ཁུངས་ཏང་ཙུའུ་ཡིས་ལས་བྱེད་ལས་བཟོ་ཡོངས་སྒྲིག་འཛུགས་བྱས་ཏེ་གཅིག་སྡུད་ཐོག་འགོ་ཚུགས་ཀྱི་གནས་ཚུལ་གཟབ་རྒྱས་ལྟ་ཉན་བྱས་པ་རེད། “ད་ཐེངས་ལས་ཁུངས་ཀྱིས་ང་ཚོ་སྒྲིག་འཛུགས་བྱས་ཏེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་འགོ་ཚུགས་ཚོགས་འདུ་བལྟས་པ་དང་། ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ཉན་པ། འདས་ཟིན་པའི་ལོ་ལྔའི་སྤོབས་པ་སྐྱེ་འོས་པའི་གྲུབ་འབྲས་ཕྱོགས་སྡོམ་གནང་བ། སླད་ཕྱིན་གྱི་ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་བ་བཅས་བྱས་པས་ང་ཚོས་ངེས་པར་དུ་སྲིད་གྲོས་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་སྙན་སྒྲོན་གྱི་དགོངས་དོན་གཙོ་བོ་སློབ་སྦྱོང་ཡག་པོ་དང་། ལག་བསྟར་ཡག་པོ། དོན་འཁྱོལ་ཡག་པོ་བཅས་བྱ་རྒྱུ་དང་ལྷག་པར་དུ་དྲ་སྦྲེལ+ལ་ཤུགས་སྣོན་བརྒྱབ་ནས་ཆ་འཕྲིན་ཅན་བརྒྱུད་སྲིད་གྲོས་ཨུ་ཡོན་ལ་ཞབས་འདེགས་དེ་བས་ཡག་པོ་ཞུ་རྒྱུ་དང་རང་འགན་གཙང་སྒྲུབ་བྱ་ཕྱིར་ལས་སྟེགས་གསར་པ་དེ་བས་མང་བ་གཏོད་ཐུབ་པ་བྱ་རྒྱུ་ཡིན”ཞེས་ལྗོངས་སྲིད་གྲོས་གཞུང་དོན་ཐིང་ཆ་འཕྲིན་དྲ་རྒྱ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་བསོད་ནམས་ནོར་བུས་གསར་འགོད་པར་བཤད།

    “དམངས་འཚོ་འགན་ལེན་གྱི་སྡེ་ཚན་གལ་ཆེན་ཞིག་ཡིན་པའི་ངོས་ནས་སྨན་བཅོས་འགན་བཅོལ་ཅུས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་གནས་གཏན་འཕེལ་གྱི་སྨན་བཅོས་སྒྲིག་གཞིར་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འགན་བཅོལ་ནང་ཞུགས་མཁན་བློ་བདེ་པོའི་ངང་ནད་བལྟ་ཐུབ་པ་དང་སྨན་ཉོ་ཐུབ་པ་བྱ་རྒྱུ་མ་ཟད། ད་དུང་སྐར་ཁུང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱ་ཆེའི་མང་ཚོགས་ཚོར་དེ་བས་སྤུས་ལེགས་དང་། ཕན་འབྲས་ཆེ་བ། སྟབས་བདེ་བཅས་ཀྱི་ཞབས་འདེགས་ཞུ་རྒྱུ་ཡིན”ཞེས་རང་སྐྱོང་ལྗོངས་སྨན་བཅོས་འགན་བཅོལ་ཅུས་ཀྱི་ཅུས་ཀྲང་ཧུང་མེས་བཤད།

    ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ཐིང་ཀྲང་ལས་རོགས་སྲིད་ཇུས་ཁྲིམས་སྲོལ་ཁྲུའི་ཁྲུའུ་ཀྲང་ཁྲེང་ཤན་ཝུན་གྱིས་སླད་ཕྱིན་གྱི་ལས་དོན་ཁྲོད་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་ཁྲོད་དམངས་འཚོ་འགན་ལེན་དང་ལེགས་སུ་བཏང་ནས་ལས་ཞུགས་ལས་གཏོད་དང་། སྤྱི་ཚོགས་འགན་སྲུང་། མི་དོན་དང་ཤེས་ལྡན་མི་སྣ། ཡོང་འབབ་བགོ་བཤའ། ངལ་རྩོལ་འབྲེལ་བ་སོགས་ལས་དོན་གྱི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་བོད་ལྗོངས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་རིག་སྟོབས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།