[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཞི་ཅིན་ཕིང་ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས།

    དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་ཡོང་བ་དང་དབུལ་སྒྲོལ་འགག་སྒྲོལ་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-07

    487924_yis_1520275136022.jpg

    ཟླ་3ཚེས་5ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།

    ཚེས་5ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་བློ་རྩ་བརྟན་པོས་གསར་གཏོད་དང་དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བྱེད་པ་དང་ཕན་ཚུན་ལྟ་སྐྱོང་དང་མཐུན་སྒྲིལ་འབད་འཐབ་བྱས་ཏེ་དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་ཡོང་བ་དང་། དབུལ་སྒྲོལ་འགག་སྒྲོལ། མི་རིགས་མཐུན་སྒྲིལ་དང་མཐའ་མཚམས་བརྟན་འཇགས་བཅས་ཡོང་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས་མེས་རྒྱལ་གྱི་བྱང་རྒྱུད་མཐའ་མཚམས་ཀྱི་མཛེས་ལྗོངས་འདི་ཉིད་སྔར་བས་མཛེས་སུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཞི་ཅིན་ཕིང་ཚོགས་རར་ཕེབས་སྐབས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་དང་སོག་རིགས་ཀྱི་འཐུས་མིས་ཞི་ཅིན་ཕིང་ལ་མཇལ་དར་སྔོན་པོ་སྒྲོན་པ་རེད། ཞི་ཅིན་ཕིང་གིས་འཐུས་མི་ཚོ་དང་ནང་སོག་གི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོར་དཔྱིད་གསར་སྤྲོ་པོ་ཡོང་བ་དང་རྩྭ་ཐང་གི་བུ་ཕྲུག་ཁྲི་2500ལྷག་ཙམ་ལ་ས་ཁྱི་ལོར་འཚོ་བ་བདེ་སྐྱིད་ལྡན་པ་དང་མཛད་འཕྲིན་ཡར་འཕེལ་ཡོང་བའི་སྨོན་འདུན་ཞུས་གནང་བ་རེད།

    ལི་ཅིས་ཧེང་དང་། པུ་ཞའོ་ལིན། ཀྲའོ་ཧུའེ་ཅེ། མོང་ཧོ། མོང་ཤན་ཏུང་། ལི་ཚུའེ་ཀྲི ཀུང་མིང་ཀྲུའུ། ལི་ཆོན་ཝུན་བཅས་འཐུས་མི་8ཀྱིས་མཛེས་སྡུག་ལྡན་པའི་ནང་སོག་དང་དཔེ་བཟང་གི་རང་སྐྱོང་ལྗོངས་འཛུགས་སྐྲུན་བྱེད་པ་དང་། དུས་རབས་གསར་པའི་གྲོང་གསེབ་དར་རྒྱས་གཏོང་བའི་ལམ་བུའི་ཐོག་སྐྱོད་པ། སྣོད་བཅུད་ཡུལ་སྐོར་ཐོན་ལས་གཏོད་པ། གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ། སྣེ་འདྲེན་ཁེ་ལས་དང་ཞིང་འབྲོག་པར་གཉིས་ཁེ་ཡོང་རྒྱུར་སྐུལ་འདེད་གཏོང་བ། ཐོན་ཁུངས་རྣམ་པའི་ས་ཁུལ་གྱི་འགུལ་ནུས་གསར་རྙིང་བརྗེ་རྒྱུར་སྐུལ་འདེད་གཏོང་བ། གཞུང་ཁོངས་ཁེ་ལས་ཀྱི་དབང་བའི་ལམ་ལུགས་འདྲེས་མའི་སྒྱུར་བཅོས་སོགས་ཀྱི་གནད་དོན་ལ་དམིགས་ཏེ་གཏམ་བཤད་གནང་ཞིང་། ཞི་ཅིན་ཕིང་གིས་གསན་གྱིན་དུ་བཀའ་འདྲི་ཡང་ཡང་གནང་བ་རེད།

    འཐུས་མི་ཚོའི་གཏམ་བཤད་ནན་ཏན་གསན་རྗེས་ཞི་ཅིན་ཕིང་གིས་གཏམ་བཤད་གནང་ཞིང་། ཁོང་གིས་དང་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་རྦད་དེ་མོས་མཐུན་གནང་བ་དང་། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་མངོན་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མངོན་པ། འདས་ཟིན་པའི་ལོ་5རིང་གི་སྲིད་གཞུང་གི་ལས་ཀའི་གནས་ཚུལ་དང་གྲུབ་འབྲས་ཕྱིར་དྲན་བྱས་པ། འདི་ལོའི་སྲིད་གཞུང་གི་ལས་ཀའི་དམིགས་ཚད་དང་ལས་འགན་བཏོན་ཡོད་ཅེས་ནན་བཤད་གནང་བ་རེད།

    ཞི་ཅིན་ཕིང་གིས་ནང་སོག་ནི་རང་རྒྱལ་གྱི་འཛུགས་སྔ་ཤོས་ཀྱི་མི་རིགས་རང་སྐྱོང་ལྗོངས་དང་ཏང་གི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་སྔ་ཤོས་བྱེད་སའི་ས་ཆ་ཞིག་ཡིན་པ་དང་མེས་རྒྱལ་གྱི་བྱང་རྒྱུད་དུ་གནས་པ་དང་འཐབ་ཇུས་གནས་བབ་ཧ་ཅང་གལ་ཆེན་པོ་ཡོད། ནང་སོག་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་རྒྱལ་ཡོངས་དང་རྒྱལ་སྤྱིའི་ངོས་ནས་བརྗོད་ན་དགེ་མཚན་ལྡན་པའི་དོན་སྙིང་ལྡན་ཡོད་ཅེས་གསུངས། ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ནང་སོག་གི་ཕྱོགས་གང་ཅིའི་འཛུགས་སྐྲུན་ཐད་ཐོབ་པའི་གྲུབ་འབྲས་གསར་པར་ཁས་ལེན་གང་ལེགས་གནང་བ་དང་ནང་སོག་གི་བློ་མཐུན་ཚོས་ཡང་འབད་བསྐྱར་འབད་བྱས་ནས་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་པ་དང་། འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་གསར་སྒྱུར་དང་། ནུས་ཕྱོད་གསར་སྒྱུར། སྒུལ་ཤུགས་གསར་སྒྱུར་བཅས་ལ་སྐུལ་འདེད་གཏོང་བ། བརྟན་པོའི་ངང་འཕར་བ་དང་། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁ་སྔོན་འགོག་བཅས་ཀྱི་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་བསྒྲུབས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐས་རིམ་གསར་པའི་ཐོག་སླར་ཡང་སླེབས་རྒྱུའི་ཐུགས་རེ་གནང་བ་རེད། ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རང་རྒྱལ་གྱི་དཔལ་འབྱོར་དེ་འཕེལ་རྒྱས་མྱུར་པོའི་དུས་མཚམས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་ཡོད། ད་ཆ་རང་རྒྱལ་གྱི་དཔལ་འབྱོར་གྲུབ་ཆར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་གྲོང་མིའི་འཛད་སྤྱོད་མགྱོགས་མྱུར་རིམ་སྤོར་བྱུང་ནས་གསར་གཏོད་བྱེད་མགྱོགས་པའི་དུས་སུ་སླེབས་པས་གལ་སྲིད་བསམ་བློ་གཏོང་སྟངས་དེ་འདས་ཟིན་པའི་ལམ་རྙིང་པའི་ཐོག་ལུས་ཚེ་མདུན་ལམ་མཐོང་དཀའ་ལ་གོ་སྐབས་བཟང་པོའང་ཤོར་སྲིད། དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཚེ། གཙོ་གནད་དེ་ཐོན་ལས་ཀྱི་གྲུབ་ཆ་ཕྱོགས་འགྱུར་རིམ་སྤོར་ཐད་འཇོག་དགོས་པ་དང་དངོས་ཚན་དཔལ་འབྱོར་སྟོབས་ཆེར་དང་ལེགས་སུ་གཏོང་དགོས། ལེགས་ཆར་གཞི་ཚུགས་པ་དང་། མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་པ། དགེ་སྤེལ་སྐྱོན་སྤང་བཅས་བྱས་ནས་སྲོལ་རྒྱུན་ཐོན་ལས་མང་བ་དང་གསར་དར་ཐོན་ལས་ཉུང་བ་དང་། རིམ་པ་དམའ་བའི་ཐོན་ལས་མང་བ་དང་རྩེར་སོན་ཐོན་ལས་ཉུང་བ། ཐོན་ཁུངས་རྣམ་པའི་ཐོན་ལས་མང་བ་དང་ཟུར་བསྣན་རིན་ཐང་མཐོ་བའི་ཐོན་ལས་ཉུང་བ། ངལ་རྩོལ་འདུས་ཚད་མཐོ་བའི་ཐོན་ལས་མང་བ་དང་མ་རྩ་དང་ཚན་རྩལ་འདུས་ཚད་མཐོ་བའི་ཐོན་ལས་ཉུང་བ་བཅས་ཀྱི་གནས་ཚུལ་ལ་འགྱུར་ལྡོག་བཏང་སྟེ་ཕྱོགས་མང་འཕེལ་རྒྱས་དང་སྣ་མང་འདེགས་སྐྱོར་གྱི་དེང་རབས་ཐོན་ལས་ཀྱི་མ་ལག་གསར་པ་བཏོད་ནས་ལེགས་ཆ་མངོན་གསལ་དོད་པ་དང་། གྲུབ་ཆ་ལུགས་མཐུན། གསར་གཏོད་སྒུལ་ཤུགས། ས་ཁོངས་མཐུན་སྦྱོར། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་བཅས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཆགས་པ་བྱེད་དགོས། དེང་རབས་ནུས་རྒྱུའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པ་དང་། འཛམ་གླིང་ནུས་རྒྱུའི་ལག་རྩལ་གསར་བརྗེའི་དུས་བབ་གསར་པར་དམ་པོར་དམིགས་པ། ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱེད་པ་བཅས་བྱས་ནས་ནུས་རྒྱུ་དང་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་བྱེད་ཚད་མང་དུ་གཏོང་དགོས། ཐོན་ལས་གསར་པ་དང་། སྒུལ་ནུས་གསར་པ། འཕར་གཞི་གསར་པ་བཅས་སྐྱེད་སྲིང་ཤུགས་ཆེན་བྱེད་པ་དང་། དེང་རབས་སྒྲིག་ཆས་ཀྱི་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་གཏོང་བ། རྒྱུ་ཆ་གསར་པ་དང་། སྐྱེ་དངོས་སྨན་རྫས། གློག་རྡུལ་ཆ་འཕྲིན། ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོང་སོགས་གསར་དར་ཐོན་ལས་འཕེལ་རྒྱས་གཏོང་བ། དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བ། དམག་དམངས་མཉམ་འདྲེས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བ། རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པ། རྒྱལ་ཁབ་ཀྱིས་བྱང་ཕྱོགས་ལ་སྒོ་མོ་འབྱེད་པའི་ཟམ་སྣེའི་མཁར་རྫོང་གི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པ། ཐོན་ཁུངས་གཙོ་རྒྱུའི་བཀོད་སྒྲིག་དང་ཐོན་སྐྱེད་ནུས་པའི་བར་མཐོངས་བཀོད་པ་ལེགས་སུ་གཏོང་བ། གཅིག་སྡུད་དང་ཞིབ་བསྡུས་ཀྱི་འཕེལ་རྒྱས་ལམ་བུར་སྐྱོད་པ་བཅས་བྱས་ཏེ་འགྲན་ནུས་ལྡན་པའི་འཕར་གཞི་ཞིག་ཆགས་པ་བྱེད་དགོས། བུན་འགན་གྱི་ཉེན་ཁ་ནུས་ལྡན་ངང་དོགས་ཟོན་དང་བསལ་ནས་བུན་འགན་གྱི་ཉེན་ཁ་དོགས་ཟོན་དང་སེལ་བའི་རྩ་བ་དེ་དམ་པོར་འཛིན་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་མཚོན་བྱེད་རང་བཞིན་གྱི་དམིགས་ཚད་ནི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་རྦད་དེ་དབུལ་སྒྲོལ་ཐུབ་པ་དང་རྫོང་དབུལ་པོ་རྦད་དེ་དབུལ་ཞྭ་འབུད་ཐུབ་པ་བྱ་རྒྱུ་དེ་ཡིན། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པའི་འགག་རྩ་ནི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུ་དང་མི་འབོར་དབུལ་པོའི་གཅིག་སྡུད་ཤང་དང་གྲོང་ཚོ་འགག་སྒྲོལ་བྱ་རྒྱུར་ཐུག་ཡོད། སྔར་བས་ནུས་ལྡན་གྱི་བྱེད་ཐབས་དང་སྔར་བས་ཞིབ་ཚགས་ཀྱི་ལས་དོན་སྤེལ་ནས་མི་འབོར་དབུལ་པོའི་གཅིག་སྡུད་ཤང་དང་གྲོང་ཚོར་དམིགས་ཏེ་ཐོན་ལས་འཕེལ་རྒྱས་དང་། ལས་མི་ལས་ཞུགས། རྨང་གཞིའི་སྒྲིག་བཀོད། སྤྱི་པའི་ཞབས་ཞུ། སྨན་བཅོས་འགན་བཅོལ་སོགས་ཀྱི་གནད་དོན་གཙོ་གནད་ཐོག་ཐག་གཅོད་ཡག་པོ་བྱེད་དགོས། ནད་ཆེན་ཐ་སྐྱོང་གི་འགན་ལེན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ནད་གཞིས་རྐྱེན་པས་དབུལ་པོར་གྱུར་བའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། མིག་མདུན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་ལ་རྒྱུན་མཐུད་ཀྱི་ཕུགས་ཕན་ལམ་སྲོལ་ཞིག་དེ་བས་ཆགས་པ་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་ཉིད་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་ལེན་བསྟར་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་གྲོང་གསེབ་དང་འབྲོག་ཁུལ་གྱི་ཐོན་ལས་དར་རྒྱས་དང་། སྣོད་བཅུད་ཀུན་འཕྲོད། གྲོང་གསེབ་ཤེས་དཔལ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་རྒྱ་ཆེའི་ཞིང་འབྲོག་པའི་འཚོ་བའི་ཁྱིམ་གཞིས་ཕྱོགས་ཡོངས་ནས་ཡག་པོ་བསྐྲུན་དགོས། འདི་ལོ་དབུལ་སྒྲོལ་འགག་སྒྲོལ་དང་སྤྱོད་ཚུལ་འཛུགས་སྐྱོང་གི་ལོ་ཞིག་ཡིན། དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་གྱི་ཆེད་དོན་བཅོས་སྒྲིག་ལས་དོན་ནན་ཏན་སྤེལ་ནས་དབུལ་སྐྱོར་མ་དངུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་དབུལ་སྐྱོར་ཆེད་དངུལ་གཞན་སྤྱོད་དང་ལྐོག་ཟ་བྱས་པའི་བྱེད་སྤྱོད་ལ་ཉེས་ཆད་དྲག་པོ་གཅོད་པ་ལས་གུ་ཡངས་སུ་མི་གཏོང་རྒྱུ། ས་ཁུལ་ཁག་གཅིག་གིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྤེལ་རིང་ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། ལྷད་གཏོང་རྫུན་བཟོ་བཅས་ཀྱི་སྣང་ཚུལ་ལ་མང་ཚོགས་ཀྱིས་སུན་སྣང་ཆེན་པོ་བྱེད་རིགས་ཐག་གཅོད་ནན་པོ་བྱེད་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རང་རྒྱལ་ནི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་རྩ་བ་ནི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུར་ཐུག་ཡོད། མི་རིགས་ཁག་གི་མཐུན་སྒྲིལ་ཆེ་མོའི་དར་ཆ་མཐོན་པོར་བསྒྲེངས་བ་དང་ཕྱོགས་ཡོངས་ནས་ཏང་གི་མི་རིགས་སྲིད་ཇུས་ལག་ལེན་བསྟར་ནས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་རྩ་བ་ཇི་ཙམ་བཙུགས་པ་དེ་ཙམ་གྱིས་ཟབ་ཏུ་དང་ལག་ལེན་གྱི་རྨང་གཞི་ཇི་ཙམ་བཏིང་བ་དེ་ཙམ་གྱིས་བརྟན་དུ་འགྲོ་ཐུབ་པ་བྱེད་དགོས། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་རྩ་བ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་ཡག་པོ་གཉེར་ནས་མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་རྒྱུར་ཐུག་ཡོད། ཕན་ཚུན་ལྟ་སྐྱོང་གི་འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་ལྟ་བ་བརྟན་པོ་འཛུགས་པ། མི་རིགས་ཁག་སེ་འབྲུའི་རྡོག་པོ་བཞིན་རྡོག་རྩ་གཅིག་ཏུ་སྒྲིལ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཐུན་མོང་ཐོག་མེས་རྒྱལ་གྱི་མཐའ་མཚམས་སྲུང་བ་དང་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཐག་གཅོད་བྱེད་དགོས་པས། ངེས་པར་དུ་མི་རིགས་ཁག་གི་ཁྲོད་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་ཤུགས་ཆེན་བྱས་ཏེ་ཆུང་ས་ནས་དམ་འཛིན་དང་བུ་བཅོལ་ཁང་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་དང་། གྲངས་ཉུང་མི་རིགས་ཀྱི་རིག་གནས་ཁྲོད་ནས་ཉིང་བཅུད་ལེན་པར་མཐོང་ཆེན། གཞི་རྟེན་དང་བྱ་ཐབས་གསར་གཏོད། དྲ་ཐོག་དང་དྲ་གཤམ་ཟུང་འབྲེལ་ཡག་པོ། མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་འཛིན་པའི་མོས་སེམས་ཆེ་རུ་གཏོང་བ། མི་རིགས་ཁག་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྒྲིལ་བཅས་ཀྱི་བསམ་པའི་སྦྲེལ་ཐག་བརྟན་པོ་ཞིག་ཆགས་པ་བྱེད་པ། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ཁྲོད་ཀྱི་ཁེ་ཕན་དང་འགལ་ཟླ་སྣ་ཚོགས་ཐག་གཅོད་འོས་འཚམ་བྱས་ནས་མེས་རྒྱལ་གྱི་བྱང་ཕྱོགས་མཐའ་མཚམས་ཀྱི་བདེ་འཇགས་བརྟན་ལྷིང་གི་སྲུང་ཡོལ་སྔར་བས་འཛུགས་སྐྱོང་བརྟན་པོ་ཞིག་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།