[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ཀྱིས་ཁྲོམ་རར་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དུས་ཆེན་རིང་གི་ཁྲོམ་རའི་མཁོ་སྤྲོད་འདང་ངེས་ཡོང་བའི་འགན་ལེན་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-13

     རང་ལྗོངས་ཀྱི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་གི་འཚོ་བའི་མཁོ་ཆས་ཁྲོམ་རའི་མཁོ་སྤྲོད་འགན་ལེན་གྱི་ལས་དོན་ཏན་ཏིག་ངང་ལེགས་པར་བསྒྲུབས་ནས་ཁྲོམ་རའི་བརྟན་ལྷིང་སྲུང་སྐྱོང་དང་ཁྲོམ་ར་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད། བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་འགན་ནུས་ཏན་ཏིག་སྒྲུབ་པ་དང་བྱ་ཐབས་སྣ་མང་སྤྱད་ནས་ཁྲོམ་རའི་མཁོ་སྤྲོད་མི་ཆད་པ་དང་ཚོང་ཟོག་འདང་ངེས་ཀྱི་འགན་ལེན་བྱས་ཡོད་པ་རེད།

    ལྗོངས་ཡོངས་ཀྱི་ཚོང་དོན་གཙོ་གཉེར་སྡེ་ཚན་གྱིས“ཚོང་དོན་སྔོན་བརྡ”ཧུར་ཐག་བཏང་ནས་ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་པ། 2017ལོའི་ལོ་མཇུག་ཏུ་བཙུགས་པའི་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་དང་ཁྲོམ་རའི་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་ཆེད་དོན་ཚན་ཁག་དང་ཐིང་གི་འགོ་ཁྲིད་གཙོ་བོས་སྣེ་ཁྲིད་ནས་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ཏེ་དུས་ཆེན་གོང་གི་ཁྲོམ་རའི་མཁོ་སྤྲོད་ལ་ཞིབ་བཤེར་དང་བརྟག་ཞིབ་བྱས་ནས་ལྗོངས་ཡོངས་ཀྱི་འཚོ་བའི་མཁོ་ཆས་ཁྲོམ་རའི་མཁོ་སྤྲོད་ལ་ཞིབ་བཤེར་དང་། རྟོག་ཞིབ། ཉེན་བརྡ་སྔོན་གཏོང་བཅས་ཀྱི་ལས་དོན་སྤེལ་ཏེ་དམངས་འཚོ་དང་འབྲེལ་བ་ཡོད་པའི་འབྲུ་རིགས་དང་། ཟ་སྣུམ། ཤ་རིགས། རྩམ་པ། མར་སོགས་ཀྱི་འཚོ་བའི་མཁོ་ཆས་ཀྱི་རིན་གོང་བརྟན་པོ་ཡོང་བའི་འགན་ལེན་བྱས་ཡོད། ཚོང་ཟོག་གལ་ཆེན་གྱི་རིན་གོང་ལ་དུས་རྒྱུན་དང་མི་འདྲ་བའི་འགྱུར་ལྡོག་བྱུང་ཚེ་གོང་རིམ་སྡེ་ཚན་ལ་དགོངས་སྐོར་ཞུས་རྗེས་དུས་ཐོག་ཏུ་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་གསོག་འཇོག་གཏོང་སྤྲོད་ལས་དོན་སྤེལ་རྒྱུ་རེད།

    དེ་དང་དུས་མཚུངས་ཁྲོམ་རའི་བྱེད་པོ་སྐོང་འཐེན་གང་ལེགས་བྱས་ནས་ཚོང་ཟོག་གི་ཡོང་ཁུངས་རྒྱ་ཆེར་བཏང་བ། ལྗོངས་ཡོངས་ཀྱི་རིམ་ཁག་ཚོང་དོན་སྡེ་ཚན་གྱིས་འཁོར་རྒྱུག་ཁེ་ལས་ཀྱིས་གྲོང་མིའི་དགོས་མཁོའི་ཁྱད་ཆོས་དང་འགྱུར་ལྡོག་གནས་ཚུལ་ལ་གཞིགས་ནས་ཚད་གཞི་ངེས་ཅན་གྱི་སྒོ་ནས་འཚོ་བའི་མཁོ་ཆས་མཛོད་ཉར་བྱེད་མང་དུ་གཏོང་བ་དང་། ཚོང་ཟོག་སྣ་ཁ་ཕུན་སུམ་ཚོགས་སུ་བཏང་ནས་ཁྲོམ་རའི་མཁོ་སྤྲོད་འགན་ལེན་བྱ་རྒྱུར་མུ་མཐུད་ཤུགས་སྣོན་དང་མཇུབ་ཁྲིད་བྱས་ཡོད། ཁེ་ལས་ཀྱིས་འཚོ་བའི་མཁོ་ཆས་འཁོར་རྒྱུག་རྨང་གཞིའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་སྐུལ་འདེད་བཏང་ནས་ཐོལ་བྱུང་དོན་རྐྱེན་ཐོན་སྐབས་དུས་ཐོག་ཏུ་མཁོ་སྤྲོད་འགན་ལེན་དང་དབོར་འདྲེན་ཐུབ་པ་བྱས་ཏེ་ཁྲོམ་ར་སྙོམས་སྒྲིག་ཚོད་འཛིན་དང་བབ་བསྟུན་མཁོ་སྤྲོད་འགན་ལེན་བྱེད་པའི་ཐད་ཀྱི་ཚོང་ལས་ཁེ་ལས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་ཏན་ཏིག་བྱས་ཡོད་པ་རེད།

    གཞན་ཡང་། ཚོང་ལས་ཆེ་གྲས་ཀྱི་བྱེད་པོའི་དོ་དམ་ལ་གཙོ་གནད་ཐོག་ཤུགས་སྣོན་བརྒྱབ་པ། ལྷག་པར་དུ་ལྷ་སའི་ཁྲོམ་རར་ཚོང་དོན་ཐིང་གིས་ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་དང་མཉམ་དུ་ལྷ་ས་གྲོང་ཁྱེར་གྱི་ཚོང་དུད་ཆེ་གྲས་ལ་དུས་ཆེན་རིང་ཁྲོམ་རའི་མཁོ་སྤྲོད་འགན་ལེན་བྱེད་པའི་སྐུལ་སློང་ཚོགས་འདུ་འཚོགས་ནས་ཚོང་དུད་ཆེ་གྲས་ཁག་གིས་སྔོན་ཚུད་ནས་བཀོད་སྒྲིག་དང་དུས་ཐོག་ཏུ་ཚོང་འཐེན་ཏེ་དུས་ཆེན་རིང་གི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔའི་བར་བོད་ཀྱི་ཚོང་ར་དང་སྒོ་རྩིས་ཚོང་ཁང་ཆེ་གྲས་ཁག་གིས་ཚོང་ཟོག་སྣ་ཁ་མི་འདྲ་བར་གཞིགས་ནས་ཟླ་གཅིག་གཉིས་རིང་འདང་བའི་དངོས་ཟོག་གསོག་ཉར་བྱས་ཡོད་པ་དང་། རིམ་ཁག་ཞིང་ཞོར་སྡེབ་ཚོང་ཁྲོམ་རས་དུས་ཆེན་གོང་སྔོ་ཚལ་དང་ཤིང་ཏོག་དབོར་འདྲེན་བྱེད་པའི་ལས་ཀ་ལེགས་པར་བསྒྲུབས་ཡོད་པ་རེད།

    མིག་སྔར་བོད་རང་སྐྱོང་ལྗོངས་ཀྱི་ཁྲོམ་རའི་མཁོ་སྤྲོད་འདང་ངེས་ཡོད་ལ་རིན་གོང་ཡང་འཚམ་པོ་ཡོད་ཅིང་། ལྗོངས་ཚོང་དོན་ཐིང་ཁྲོམ་ར་འཁོར་སྐྱོད་ལེགས་སྒྲིག་ཁྲུའི་འགན་འཁུར་བས“ལྗོངས་ཚོང་དོན་ཐིང་གིས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་གི་མཁོ་སྤྲོད་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས་ལྗོངས་ཡོངས་ཀྱི་མི་དམངས་རྣམས་དགའ་སྤྲོ་འཆམ་མཐུན་གྱི་དུས་ཆེན་ཞིག་གཏོང་ཐུབ་པ་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།