[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས་ནག་གཤེད་ཕྱོགས་གཏོགས་ཀྱི་ཁྲིམས་འགལ་ཉེས་གསོག་ཁུངས་སྣེ་ཐེར་འདོན་བྱ་རྒྱུའི་སྐོར་གྱི་བརྡ་ཁྱབ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-11

    ནག་གཤེད་ཕྱོགས་གཏོགས་ནི་དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་འགོག་རྐྱེན་བཟོ་བའི་དུག་སྐྲན་ཞིག་ཡིན་ལ། མི་དམངས་མང་ཚོགས་ཀྱིས་སེམས་གཏིང་ནས་འཁོན་འཛིན་བྱེད་པའི་དུག་ནད་ཀྱང་ཡིན་པས་ངེས་པར་དུ་ཁྲིམས་ལྟར་རྡུང་རྡེག་མཐའ་གཅིག་ཏུ་གཏོང་དགོས། 2018ལོའི་ཟླ་1ཚེས་11ཉིན་ཀྲུང་གུང་ཀུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་སུ་བཏང་བའི《ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་དགོས་པའི་སྐོར་གྱི་བརྡ་ཐོའི》དགོངས་དོན་ལྟར། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་སྤེལ་ནས་མི་དམངས་ཀྱི་བདེ་སྡོད་ལས་བརྩོན་འགན་སྲུང་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་འགན་ལེན། རྒྱལ་ཁབ་ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་བ་བཅས་བྱ་ཆེད། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ནག་གཤེད་ཕྱོགས་གཏོགས་ཀྱི་ཁྲིམས་འགལ་ཉེས་གསོག་གྱོད་གཞིའི་ཁུངས་སྣེ་ཐེར་འདོན་ཧུར་ཐག་བྱེད་དགོས་པའི་འབྲེལ་ཡོད་ཀྱི་ཐེར་འདོན་གནད་དོན་ཁག་བརྡ་ཁྱབ་གཏོང་རྒྱུ་གཤམ་གསལ།

    དང་པོ། ཐེར་འདོན་གྱི་ནང་དོན།

    གཅིག ཆབ་སྲིད་ཀྱི་བདེ་འཇགས་དང་ལྷག་དོན་དུ་སྲིད་དབང་གི་བདེ་འཇགས། ལམ་ལུགས་ཀྱི་བདེ་འཇགས་བཅས་ལ་ཉེན་ཁ་བཟོ་བ་དང་དེ་བཞིན་ཆབ་སྲིད་ཁྱབ་ཁོངས་ནང་སིམ་འཛུལ་བྱེད་མཁན་གྱི་ནག་གཤེད་ཕྱོགས་གཏོགས།

    གཉིས། ཏཱ་ལའི་རུ་ཚོགས་དབར་ཕན་ཚུན་ངན་འབྲེལ་བྱེད་པ་དང་། རྒྱང་རིང་ཚོད་འཛིན་བཀོད་འདོམས་དང་ལེན་ཞུ་བ། ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་ནང་ཐད་ཀར་ཞུགས་པ་དང་ལག་བསྟར་བྱེད་མཁན་གྱི་ནག་གཤེད་ཕྱོགས་གཏོགས།

    གསུམ། དགོན་སྡེ་རྒྱབ་རྟེན་དུ་བྱས་ནས་ཆོས་ལུགས་ལ་ཁ་གཡར་ཏེ་མང་ཚོགས་ཚོད་འཛིན་གྱིས་ཏང་དང་སྲིད་གཞུང་དང་ཁ་གཏད་དུ་ལངས་རྒྱུར་མགོ་སྐོར་བསླུ་བྲིད་དང་། ངན་སྐུལ། བཙན་ཁྲིད་བཅས་བྱེད་པ་དང་། གཞི་རིམ་སྲིད་འཛིན་དང་། ཁྲིམས་འཛིན། སློབ་གསོ་སོགས་ཀྱི་ལས་དོན་ལ་ཐེ་ཇུས་བྱེད་མཁན་གྱི་ནག་གཤེད་ཕྱོགས་གཏོགས།

    བཞི། རིགས་སྣ་ཚོགས་ཀྱི་ཁྲིམས་འགལ་རྩ་འཛུགས་དབར་འབྲེལ་བ་དམ་ཟབ་བྱས་ནས་ཕན་ཚུན་ངན་འབྲེལ་བྱས་ཐོག་མང་ཚོགས་ལ“དབུ་མའི་ལམ”དང“ཕ་སྐད་སྲུང་སྐྱོང་བྱེད་རྒྱུ”སོགས་ལོག་སྤྱོད་ཀྱི་བསམ་བློ་དང་གུ་དོག་གི་མི་རིགས་རིང་ལུགས་ཀྱི་བསམ་བློ་དྲིལ་བསྒྲགས་བྱེད་མཁན་གྱི་ནག་གཤེད་ཕྱོགས་གཏོགས།

    ལྔ། དཔལ་འབྱོར་དང་། དམངས་འཚོ། ཁོར་ཡུག་སྲུང་སྐྱོང་། དམངས་སྲོལ། རིག་གནས་སོགས་ལ་བརྟེན་ནས་ཕྱི་ཚུལ་ནས་མང་ཚོགས་ཀྱི་ཚབ་ཡིན་ཁུལ་བྱེད་པ་དང་དོན་དངོས་ཐོག་ཏཱ་ལའི་རུ་ཚོགས་དང་ས་ཁོངས་ཕྱི་རོལ་གྱི་དགྲ་ཡའི་ཕྱོགས་གཏོགས་ཀྱི་ཚབ་བྱེད་མཁན་གྱི་ནག་གཤེད་ཕྱོགས་གཏོགས།

    དྲུག ཁྲིམས་འགལ་ངང་ཞལ་འདེབས་བསྡུ་ལེན་དང་། མ་དངུལ་བསྡུ་རུབ། དངུལ་ཆད་གཅོད་པ་བཅས་བྱེད་པ་དང་། མང་ཚོགས་ཀྱི་ལག་ནས་བཙན་ཤེད་ཐོག་ཞལ་འདེབས་བསྡུ་བ། གོ་སྐབས་སྤྱད་ནས་རྒྱུ་ནོར་བསྡུ་ལེན་བྱེད་པ་མ་ཟད། ཏཱ་ལའི་རུ་ཚོགས་ལ་མ་དངུལ་མཁོ་འདོན་བྱེད་མཁན་གྱི་ནག་གཤེད་ཕྱོགས་གཏོགས།

    བདུན། གཞི་རིམ་སྲིད་དབང་བཙན་སྐྱོང་དང་། གྲོང་གསེབ་དཔལ་འབྱོར་གྱི་ཐོན་ཁུངས་སྒེར་སྤྱོད། མཉམ་སྡེབ་ཀྱི་རྒྱུ་ནོར་བཙན་བཟུང་བྱེད་མཁན་གྱི་གྲོང་དཔོན་ངན་པ་སོགས་ཀྱི་ནག་གཤེད་ཕྱོགས་གཏོགས།

    བརྒྱད། མགོ་སྐོར་དང་། ལྐོག་རྔན་སྤྲོད་པ། འཇིགས་སྐུལ། དྲག་ཤུགས་སོགས་ཀྱི་ཁྲིམས་འགལ་བྱེད་ཐབས་སྤྱད་དེ་གཞི་རིམ་གྱི་སྐབས་བརྗེའི་འདེམས་བསྐོར་ཚོད་འཛིན་དང་། འགོག་རྐྱེན། གཏོར་བཤིག་གཏོང་བ་བཅས་ཀྱི་ནག་གཤེད་ཕྱོགས་གཏོགས།

    དགུ། ཆོས་ལུགས་དང་ཁྱིམ་རྒྱུད་ཀྱི་སྟོབས་ཤུགས་སྤྱད་དེ་གྲོང་གསེབ་ཏུ་རང་སྣང་གང་དྲན་བྱེད་པ་དང་། ཕྱོགས་གཅིག་ཧམ་འཛིན་བྱེད་པ། མང་ཚོགས་ལ་བརྙས་བཅོས་དང་མནར་གཅོད་གཏོང་མཁན་གྱི་གྲོང་དཔོན་ངན་པ་སོགས་ཀྱི་ནག་གཤེད་ཕྱོགས་གཏོགས།

    བཅུ། ཆོས་ལུགས་དང་ཁྱིམ་རྒྱུད་ཀྱི་སྟོབས་ཤུགས་སྤྱད་དེ་ཁྲིམས་འགལ་ངང་ས་མཚམས་གཏན་འཁེལ་དང་། རྩྭ་ར། དབྱར་རྩྭ་དགུན་འབུ། དངུལ་བུན་སོགས་དམངས་ཁྲོད་འགལ་ཟླའི་རྩོད་གཞིར་ཐེ་ཇུས་བྱེད་པ་དང“གསང་བའི་ཁྲིམས་སྐྱོང་རུ་ཁག”ཏུ་རྫུས་ནས་གཞི་རིམ་གྱི་སྲིད་འཛིན་དང་ཁྲིམས་འཛིན་ལ་ཐེ་ཇུས་བྱེད་མཁན་གྱི་ནག་གཤེད་ཕྱོགས་གཏོགས།

    བཅུ་གཅིག ས་ཆ་བསྡུ་སྤྱོད་དང་། ས་ཆ་བོགས་གཏོང་། བཤིག་སྤོ། ལས་གྲྭའི་རྣམ་གྲངས་སོགས་ཀྱི་བརྒྱུད་རིམ་ནང་ཁྲིམས་འགལ་གྱིས་ཁེ་ཕན་ཧམ་ལེན་དང་ཟིང་སློང་ངན་སྐུལ་བྱེད་མཁན་གྱི་ནག་གཤེད་ཕྱོགས་གཏོགས།

    བཅུ་གཉིས། འཛུགས་སྐྲུན་ལས་གྲྭ་དང་། འགྲིམ་འགྲུལ་སྐྱེལ་འདྲེན། གཏེར་འདོན་ཐོན་ཁུངས་སོགས་ཀྱི་ལས་རིགས་དང་ཁྱབ་ཁོངས་ནང་ལས་གྲྭ་བཙན་ལེན་དང་། ངན་སེམས་བཅངས་ནས་འགྲན་རྩོད་བྱེད་པ། ཁྲིམས་འགལ་ངང་ས་ཆ་བཟུང་བ། བྱེ་རྡོ་གང་བྱུང་དུ་སྔོག་འདོན་བྱེད་པ། ཐོན་ཁུངས་ཧམ་བཟུང་བྱེད་པ། ཚོང་གཉེར་སྒེར་སྡེམ་མམ་ཡང་ན་བཙན་ཤེད་ཐོག་ཉོ་ཚོང་བྱེད་པ། འགྲོ་ལམ་བཀག་ནས་གྲོན་དངུལ་བསྡུ་བ། བཙན་ཤེད་ངང་སྒྲིག་ཆས་དང་མི་སྣ་བསྡུ་སྤྱོད་བྱེད་པ། ལས་གྲྭ་འཛུགས་སྐྲུན་ལ་འགོག་རྐྱེན་བཟོ་བའི་རིགས་སྣ་ཚོགས་ཀྱི་བྱེ་རྡོ་ཧམ་བཟུང་དང་། སྐྱེལ་འདྲེན་ཧམ་བཟུང་། འགྲོ་ལམ་ཧམ་བཟུང་སོགས་བྱེད་མཁན་གྱི་ནག་གཤེད་ཕྱོགས་གཏོགས།

    བཅུ་གསུམ། ཉོ་ཚོང་ཁྲོམ་ར་དང་། སྡེབ་ཚོང་ཁྲོམ་ར། རླངས་འཁོར་བབས་ཚུགས། གནམ་ཐང་། ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་སྤྱི་སྤྱོད་ཁུལ་གྱི་ཚོང་གྲོགས་ལ་མགོ་སྐོར་གཏོང་བ་དང་། ཚོང་ར་ཧམ་བཟུང་བྱེད་པ། བཙན་ཤེད་ཐོག་ཉོ་ཚོང་བྱེད་པ། སྲུང་སྐྱོབ་རིན་པ་བསྡུ་བ་བཅས་ཀྱི་ཁྲོམ་ར་ཧམ་བཟུང་དང་། ལས་རིགས་ཧམ་བཟུང་། ཞིང་ཟོག་ཁྲོམ་ར་ཧམ་བཟུང་། ཤ་ཚོང་ཁྲོམ་ར་ཧམ་བཟུང་སོགས་བྱེད་མཁན་ནག་གཤེད་ཕྱོགས་གཏོགས།

    བཅུ་བཞི། སྨད་འཆལ་རྒྱན་དུག་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་སྤེལ་རྒྱུར་ངན་སྐུལ་བྱེད་མཁན་གྱི་ནག་གཤེད་ཕྱོགས་གཏོགས།

    བཅོ་ལྔ། མགོ་སྐོར་གྱི་དངུལ་བུན་དང་སློབ་ཕྲུག་ལ་དངུལ་བུན་གཏོང་བ་སོགས་ཁྲིམས་འགལ་གྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ་སྐྱེད་ཆེའི་དངུལ་བུན་གཏོང་བ་དང་དྲག་ཤུགས་ལ་བརྟེན་ནས་དངུལ་བུན་བསྡུ་ལེན་བྱེད་མཁན་གྱི་ནག་གཤེད་ཕྱོགས་གཏོགས།

    བཅུ་དྲུག དམངས་ཁྲོད་ཀྱི་རྩོད་གླེང་ལ་ཐེ་ཇུས་ཀྱིས་གསང་བའི་ཁྲིམས་སྐྱོང་རུ་ཁག་ཏུ་རྫུས་མཁན་གྱི་ནག་གཤེད་ཕྱོགས་གཏོགས།

    བཅུ་བདུན། དྲ་བའི་ཆུ་དམག་སྒྲིག་འཛུགས་དང་བཀོལ་སྤྱོད་བྱས་ནས་དྲ་བའི་ཐོག་འཇིགས་སྐུལ་དང་། བརྙས་བཅོས། སྐྱོན་འཛུགས། ཟིང་སློང་བཅས་བྱེད་མཁན་གྱི་ནག་གཤེད་ཕྱོགས་གཏོགས།

    བཅོ་བརྒྱད། སྐད་འཕྲིན་ཚོགས་པ་དང་དྲ་རྒྱའི་གླེང་སྟེགས་སོགས་བཙུགས་ནས་དྲ་བའི་ཐོག་ཕན་ཚུན་ངན་འབྲེལ་བྱེད་པ་མ་ཟད་དྲ་བའི་ཕྱི་རོལ་དུ་ཁྲིམས་འགལ་ངང་ཉེས་གསོག་གི་བྱེད་སྤྱོད་སྤེལ་མཁན་ནག་གཤེད་ཕྱོགས་གཏོགས།

    བཅུ་དགུ། ཁྲིམས་འགལ་ངང་མ་དངུལ་བསྡུ་ལེན་དང་སྐྱེལ་འདྲེན་ལས་རིགས་ཧམ་བཟུང་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་སྤེལ་ནས་དཔལ་འབྱོར་གྱི་ཁེ་ཕན་གཡོ་ལེན་ཧམ་འཕྲོག་བྱས་ཏེ་དྲང་གཞག་འགྲན་རྩོད་ཀྱི་སྒྲིག་ལམ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་ལ་གནོད་འཚེ་ཚབས་ཆེན་བཟོ་མཁན་ནག་གཤེད་ཕྱོགས་གཏོགས།

    ཉི་ཤུ། རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་མི་སྣས་གོ་གནས་ཀྱི་སྟབས་བདེ་སྤྱད་དེ་ནག་གཤེད་ཕྱོགས་གཏོགས་ཀྱི་ཉེས་གསོག་འགེབས་སྲུང་དང་རྒྱ་ཡན་དུ་བཏང་ནས་ནག་གཤེད་ཕྱོགས་གཏོགས་མང་པོ་ཞིག་གི་སྲུང་སྐྱོང་པ་བྱེད་མཁན།

    ཉེར་གཅིག བཙན་ཤེད་ཐོག་ཉོ་ཚོང་བྱེད་པ་དང་། བསྙད་འདོགས་རྒྱུ་ལེན། བརྙས་རྐོ་ཟིང་སློང་། མི་མང་མཉམ་རུབ་ཀྱིས་འཛིང་རྩོད་བྱེད་པ། ཁྲིམས་འགལ་ངང་བཀག་ཉར། རྐང་བཙུགས་ནས་རྒྱུ་དངོས་ལ་གཏོར་བཤིག་གཏོང་བ། སྨད་འཚོང་རྒྱུ་སྒྲིག་འཛུགས་བྱེད་པ། བཙན་ཤེད་ཐོག་སྨད་འཚོང་དུ་འཇུག་པ། རྒྱན་བཙུགས་ཁང་འཛུགས་པ་སོགས་ཀྱི་ངན་གཤེད་རིགས་དང་འབྲེལ་བ་ཡོད་པའི་ཉེས་གསོག

    ཉེར་གཉིས། དེ་མིན་གྱི་ནག་གཤེད་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་ཀྱི་ཁུངས་སྣེ་བཅས་ཡིན།

    གཉིས་པ། ཐེར་འདོན་བྱ་ཐབས།

    གཅིག ས་གནས་ས་ཐོག་ཏུ་ཐེར་འདོན། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གླིང་སྐོར་ལམ་སྒོ་རྟགས་ཨང་35རུ་གནས་པའི་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ཉེས་དོན་མྱུལ་ཞིབ་སྤྱི་ཁྱབ་རུ་ཁག་གི་རྩ་འཛུགས་ཡོད་པའི་ཉེས་གསོག་མྱུལ་ཞིབ་ཉིང་ལག་རུ་ཁག

    ཡང་ན་གྲོང་ཁྱེར་དང་། ས་ཁུལ་ཁག་གི་སྤྱི་བདེ་ཅུས། ཁྲུའུ་ཡི་ཉེས་དོན་མྱུལ་ཞིབ་ཉིང་ལག་རུ་ཁག་བཅས་སུ་ཐེར་འདོན་བྱས་ན་འགྲིག

    གཉིས། ཐེར་འདོན་ཁ་པར། བོད་རང་སྐྱོང་ལྗོངས་སྤྱི་བདེ་ལས་ཁུངས་ཀྱི་མང་ཚོགས་ཀྱི་ཐེར་འདོན་ཁ་པར། 0891-12389བརྒྱབ་ཆོག ཞར་བྱུང་། ཁ་པར་གྱི་སྐད་གདངས་དྲན་སྐུལ་གཞིར་བཟུང་འབྲེལ་ཡོད་སྤྱི་བདེ་ལས་ཁུངས་ལ་ཐེར་འདོན་བྱེད་ཆོག

    ནག་སེལ་གཤེད་བཅོམ་བྱ་རྒྱུ་ནི་མི་དམངས་ཀྱི་དམག་འཐབ་ཅིག་ཡིན་པས་ངེས་པར་དུ་མི་དམངས་མང་ཚོགས་ཧུར་ཐག་ཞུགས་པར་བརྟེན་དགོས་པ་ཞིག་རེད། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ནག་གཤེད་ཕྱོགས་གཏོགས་ཀྱི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་ཐེར་འདོན་ཧུར་ཐག་བྱེད་པ་དང་དུས་མཚུངས། ནག་གཤེད་ཀྱི་ཁྲིམས་འགལ་ཕྱོགས་གཏོགས་ཀྱི་བྱེད་སྤྱོད་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་དགོས། ཉེས་གསོག་གི་ཁུངས་སྣེ་མཁོ་འདོན་བྱེད་མཁན་མང་ཚོགས་ལ་སྤྱི་བདེ་ལས་ཁུངས་ནས་ཁྲིམས་བཞིན་མི་སྒེར་གྱི་ཆ་འཕྲིན་དང་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་ཡིན། མི་གཞན་ལ་ངན་སེམས་བཅངས་ནས་ཐེར་འདོན་དང་། སྙོན་འཛུགས་བྱས་ཚེ་ཁྲིམས་བཞིན་ཐེར་འདོན་བྱེད་མཁན་གྱི་ཁྲིམས་ལུགས་འགན་འཁྲི་རྩད་གཅོད་བྱ་རྒྱུ་ཡིན། ཐེར་འདོན་བྱ་ཡུལ་གྱིས་ཐེར་འདོན་བྱེད་མིར་འཁོན་ལན་བསློགས་ཚེ་ཁྲིམས་བཞིན་ཆད་གཅོད་ནན་པོ་བྱ་རྒྱུ་ཡིན།

    བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ནས།

    2018ལོའི་ཟླ་2ཚེས་7ཉིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།