[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ། ཁྲིམས་འཛིན་པུའི།

    ཁྲིམས་ལྟར་ནག་གཤེད་ཕྱོགས་གཏོགས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ནན་པོ་གཏོང་རྒྱུའི་སྐོར་གྱི་བརྡ་ཁྱབ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-11

    ནག་གཤེད་ཕྱོགས་གཏོགས་ནི་དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་འགོག་རྐྱེན་བཟོ་བའི་དུག་སྐྲན་ཡིན་ལ། མི་དམངས་མང་ཚོགས་ཀྱིས་སེམས་གཏིང་ནས་འཁོན་འཛིན་བྱེད་པའི་དུག་ནད་ཀྱང་ཡིན་པས་ངེས་པར་དུ་ཁྲིམས་ལྟར་རྡུང་རྡེག་མཐའ་གཅིག་ཏུ་གཏོང་དགོས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་ཏན་ཏིག་བྱས་ནས་སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི《ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་བྱ་རྒྱུའི་སྐོར་གྱི་བརྡ་ཐོའི》དགོངས་དོན་དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་གཏུག་བཤེར་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ད་ལྟ་ཁྲིམས་ལྟར་ནག་གཤེད་ཕྱོགས་གཏོགས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ནན་པོ་གཏོང་བའི་འབྲེལ་ཡོད་དོན་ཚན་བརྡ་ཁྱབ་གཏོང་རྒྱུ་གཤམ་གསལ།

    གཅིག ནག་གཤེད་ཕྱོགས་གཏོགས་ཀྱི་ཁྲིམས་འགལ་ཉེས་པ་གསོག་མཁན་དང་དེ་བཞིན་ནག་ཚོགས་ཀྱི་ངོ་བོ་ལྡན་པའི་རྩ་འཛུགས་ཀྱི་མི་སྣ་འགེབས་སྲུང་དང་རྒྱ་ཡན་དུ་གཏོང་མཁན་ཡིན་ཕྱིན་ངེས་པར་དུ་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་མཐའ་དག་མཚམས་འཇོག་བྱེད་དགོས། བརྡ་ཁྱབ་དེ་ཁྱབ་བསྒྲགས་བྱས་པའི་ཉིན་ནས་2018ལོའི་ཟླ་3ཚེས་1ཉིན་བར་རང་འགུལ་ངང་ཁྲིམས་བཅར་ངོས་བླངས་བྱེད་པ་དང་རང་ཉིད་ཀྱི་ནག་ཉེས་ཇི་མ་ཇི་བཞིན་ངོས་ལེན་ཞུས་ཚེ། ཁྲིམས་ལྟར་ཉེས་པ་ཡང་གཅོད་དམ་ཡང་ན་ཆག་ཡང་དུ་གཏོང་ཆོག གཏན་འབེབས་བྱས་པའི་དུས་བཀག་ནང་ཁྲིམས་བཅར་ངོས་བླངས་མི་བྱེད་མཁན་དང་མུ་མཐུད་བྱ་ངན་སྤྱོད་ངན་སྤེལ་མཁན་རིགས་ལ་ཁྲིམས་ལྟར་ཆད་པ་ནན་པོ་སྤྱོད་རྒྱུ། ནག་གཤེད་ཕྱོགས་གཏོགས་ཀྱི་ཁྲིམས་འགལ་ཉེས་གསོག་མི་སྣར་འགེབས་སྲུང་བྱེད་མཁན་གྱི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་མི་སྣར་བཅའ་ཁྲིམས་དང་སྒྲིག་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱ་རྒྱུ་དང་མི་སུ་ཞིག་དང་འབྲེལ་བ་ཡོད་རུང་བརྟག་དཔྱད་མཐིལ་རྟོགས་བྱས་ནས་རྒྱ་ཡན་དུ་གཏན་ནས་མི་གཏོང་རྒྱུ།

    གཉིས། ནག་གཤེད་ཕྱོགས་གཏོགས་ཀྱི་ཉེས་གསོག་མི་སྣའི་གཉེན་ཉེ་གྲོགས་པོས་གང་མགྱོགས་ཁྲིམས་བཅར་ངོས་བླངས་བྱ་རྒྱུའི་ཁ་ཏ་བསླབ་བྱ་བྱེད་དགོས། གཉེན་ཉེ་གྲོགས་པོས་ཁ་ཏ་བསླབ་བྱ་བྱས་ནས་ཉེས་ཞུ་བྱེད་པར་མཉམ་དུ་སླེབས་པའམ་ཡང་ན་གཉེན་ཉེ་གྲོགས་པོས་རང་འགུལ་ངང་ཉེས་ཞུ་བྱས་ནས་ཉེས་གསོག་མི་སྣ་ཉེས་ཞུ་བྱེད་པར་བཏང་བའི་རིགས་རང་འགུལ་ངང་ཉེས་ཞུ་བྱས་པར་བརྩི་རྒྱུ། ནག་གཤེད་ཕྱོགས་གཏོགས་ཀྱི་ཉེས་གསོག་མི་སྣ་སྦས་བསྐུང་དང་འགེབས་སྲུང་བྱེད་པའམ་ཡང་ན་བཙོག་དངུལ་གཙང་བསྒྱུར་བྱེད་པ་དང་། དཔང་རྟགས་མེད་པ་བཟོ་བ། རྫུན་བཟོ་བྱེད་པ། ཉེས་པ་བསགས་པའི་ཐོབ་ཆ་དང་ཁེ་ཕན་གཡོ་འགེབས་དང་སྦ་གསང་བཅས་བྱེད་མཁན་རིགས་ལ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་རྒྱུ། ནག་གཤེད་ཕྱོགས་གཏོགས་ཀྱི་ཉེས་གསོག་མི་སྣས་རང་ཉེས་ངོས་ལེན་ཞུས་རྗེས་མི་གཞན་གྱི་ཉེས་པ་ཐེར་འདོན་བྱས་ནས་བརྗོད་པའི་གནས་ཚུལ་དོན་དངོས་ཡིན་པ་དང་། གྱོད་གཞི་གཞན་དག་རྩད་གཅོད་ཐུབ་པའི་ཁུངས་སྣེ་གལ་ཆེན་མཁོ་འདོན་བྱས་ནས་ཁུངས་སྣེ་དེ་དོན་དངོས་ཡིན་པ། ཁྲིམས་འཛིན་ལས་ཁུངས་ལ་ཉེས་གསོག་དོགས་ཅན་གཞན་དག་བཟུང་རོགས་བྱེད་པ་བཅས་ཀྱི་རིགས་ལ་ཁྲིམས་ལྟར་ཉེས་པ་ཡང་གཅོད་དམ་ཡང་ན་ཆག་ཡང་དུ་གཏོང་ཆོག བྱས་རྗེས་ཆེན་པོ་བཞག་པའི་རིགས་ལ་ཁྲིམས་ལྟར་ཉེས་པ་ཆག་ཡང་ངམ་ཡང་ན་རྩ་ཆག་ཏུ་གཏོང་ཆོག ནག་གཤེད་ཕྱོགས་གཏོགས་ཀྱི་ཉེས་གསོག་མི་སྣས་བརྟག་དཔྱད་དང་། ཞུ་གཏུག འདྲི་གཅོད་བཅས་ཀྱི་ལས་ཀར་གཞོགས་འདེགས་ཧུར་ཐག་བྱེད་པ་དང་། ནག་ཚོགས་ཀྱི་ངོ་བོ་ལྡན་པའི་རྩ་འཛུགས་ཀྱི་གྲུབ་ཆ་དང་སྒྲིག་འཛུགས་བྱེད་མཁན་དང་འགོ་གཙོའི་གོ་གནས་དང་ནུས་པ་རྩད་གཅོད་གསལ་པོ་བྱེད་པ་དང་། སྒྲིག་འཛུགས་ལག་བསྟར་བྱས་པའི་ཉེས་གསོག་དོན་དངོས་གལ་ཆེན་རྩད་གཅོད་གསལ་པོ་བྱེད་པ། བཙོག་དངུལ་དང་བཙོག་དངོས་བདའ་འདེད་དང་གཞུང་བཞེས་གཏོང་བ། “འགེབས་སྲུང་བྱེད་མཁན”ལ་རྡུང་རྡེག་གཏོང་བ་སོགས་ཐད་ལ་ཁུངས་སྣེ་དང་དཔང་རྟགས་གལ་ཆེན་མཁོ་འདོན་བྱས་ནས་དོན་དངོས་ཡིན་ཚེ། གྱོད་གཞིའི་ཞིབ་ཕྲའི་གནས་ཚུལ་ལ་གཞིགས་ནས་ཁྲིམས་ལྟར་ཉེས་པ་ཡང་གཅོད་དང་ཆག་ཡང་ངམ་ཡང་ན་རྩ་ཆག་ཏུ་གཏོང་ཆོག

    གསུམ། རྒྱལ་ཡོངས་སྲིད་ཁྲིམས་འཐབ་ཕྱོགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། རིམ་ཁག་ཏང་ཨུད་ཀྱི་གཅིག་གྱུར་གྱི་འགོ་ཁྲིད་འོག་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་ལེགས་ཆ་ཡག་པོ་བཏོན་ཏེ་རིམ་ཁག་སྡེ་ཚན་ཁག་གིས་རང་འགན་རང་འཁུར་དང་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བྱ་རྒྱུར་སྐུལ་འདེད་བཏང་ནས་ལས་ཀའི་མཉམ་ཤུགས་ཤིག་ཆགས་པ་བྱེད་དགོས། “ཐར་པར་གཏན་ནས་མི་གཏོང་བའི”བྱེད་སྟངས་བརྒྱུད་ཁྲིམས་བཞིན་ཆད་པ་ནན་པོ་གཅོད་པ་དང་ནག་གཤེད་ཕྱོགས་གཏོགས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ཚ་ནན་བཏང་སྟེ། མང་ཚོགས་ཀྱིས་སེམས་གཏིང་ནས་འཁོན་འཛིན་བྱེད་པའི་ནག་གཤེད་དང་འབྲེལ་བ་ཡོད་པའི་གྱོད་གཞི་ཁག་གཅིག་ཐག་གཅོད་བྱེད་པ་དང་། ནག་གཤེད་དང་འབྲེལ་བ་ཡོད་པའི་གཙོ་གནད་ས་ཆ་ཁག་གཅིག་བཅོས་སྒྲིག་བྱེད་པ། ནག་གཤེད་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་པ་ཁག་གཅིག་ཁྲིམས་ཀྱིས་གནོན་པ་བཅས་བྱས་ནས་དཔྱིད་གསར་དུས་ཆེན་གྱི་སྔ་རྗེས་སུ་ཕན་འབྲས་ཡག་པོ་ཐོན་པ་དང་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལ་རྨང་གཞི་བརྟན་པོ་བཏིང་ནས་མི་དམངས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

    བཞི། ནག་སེལ་གཤེད་བཅོམ་ནི་མི་དམངས་ཀྱི་དམག་འཐབ་ཅིག་ཡིན་པས། ངེས་པར་དུ་མི་དམངས་མང་ཚོགས་ཧུར་ཐག་ཞུགས་པར་བརྟེན་དགོས་པ་ཞིག་རེད། རྒྱ་ཆེའི་མང་ཚོགས་ཚོས་ནག་གཤེད་དང་འབྲེལ་བ་ཡོད་པའི་ཉེས་གསོག་དང“གྲོང་དཔོན་ངན་པ”སོགས་མངོན་གསལ་དོད་པའི་གནད་དོན་ཐེར་འདོན་ཧུར་ཐག་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་དང་། ནག་གཤེད་ཕྱོགས་གཏོགས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་། ནག་གཤེད་ཕྱོགས་གཏོགས་མཆེད་པའི་ཁོར་ཡུག་མེད་པ་བཟོ་བ། ནག་གཤེད་ཕྱོགས་གཏོགས“འགེབས་སྲུང་བྱེད་མཁན”ནན་པོ་འཚོལ་བ་བཅས་ལ་ནུས་པ་གལ་ཆེན་འདོན་མཁན་ལ་བྱ་དགའ་སྤྲོད་རྒྱུ་ཡིན། སྲིད་ཁྲིམས་ལས་ཁུངས་ཀྱིས་ཐེར་འདོན་བྱེད་མཁན་མི་སྒེར་གྱི་ཆ་འཕྲིན་དང་བདེ་འཇགས་ལ་ཁྲིམས་བཞིན་སྲུང་སྐྱོང་བྱ་རྒྱུ་ཡིན།

    རྒྱལ་ཡོངས་ནག་སེལ་གཤེད་བཅོམ་ཐེར་འདོན་དྲ་ཚིགས། www.12389.gov.cnདང་། ཐེར་འདོན་ཡིག་སྒམ། པེ་ཅིང་གྲོང་ཁྱེར་སྦྲག་སྲིད་ཀྱི་ཡིག་སྒམ་ཨང་རྟགས19001 ཐེར་འདོན་ཁ་པར། 010-12389ཡིན།

    བརྡ་ཁྱབ་འདི་བཏང་བའི་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན།

    2018ལོའི་ཟླ་2ཚེས་2ཉིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།