[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ལྷུན་རྩེ་རྫོང་ཡུལ་སྨད་ཤང་ནས་སླར་ཡང་གཏམ་བཟང་ཞིག་གྲགས་པ་སྟེ།

    གནམ་གཤིས་ལྟ་ཞིབ་ཚད་འཇལ་ས་ཚིགས་མཐའ་མཚམས་གྲོང་ཚོར་བཙུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-11

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྲིད་གཞུང་གིས་གནམ་གཤིས་ལྟ་ཞིབ་ཚད་འཇལ་ས་ཚིགས་དེ་ཡུལ་སྨད་ཤང་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་གྱི་སྤྱི་ཡོངས་འཆར་འགོད་ནང་བཅུག་ཅིང་། ཟླ་1ཚེས་11དང་12ཉིན་ལྷོ་ཁ་གྲོང་ཁྱེར་གནམ་གཤིས་ཅུས་ཀྱི་ལག་རྩལ་མི་སྣས་རང་འགུལ་ངང་གནམ་གཤིས་ས་ཚིགས་ཀྱི་གནས་ཡུལ་བདམས་པ་དང་། མིག་སྔར་ས་ཚིགས་གནས་ཡུལ་ཞིབ་འདེམས་དང་བརྟག་ཞིབ་ཐིག་ལེན་གྱི་ཁོར་ཡུག་དཔྱད་དཔོག་ལས་དོན་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་ཡོད་པ་རེད།

    ཡུལ་སྨད་ཤང་ནི་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གི་ཁོངས་སུ་གནས་པ་དང་། ཤང་དེ་ཡོངས་སུ་དུད་ཚང་9དང་མི་གྲངས་32ཡོད་པས་དེ་ནི་རང་རྒྱལ་གྱི་མི་འབོར་ཉུང་ཤོས་ཀྱི་སྲིད་འཛིན་ཤང་ཞིག་རེད། ཡུལ་སྨད་ཤང་ནི་རི་བོ་ཧི་མ་ལ་ཡའི་ལྷོ་རྒྱུད་དུ་གནས་པ་དང་ཧིན་རྡུ་རྒྱ་མཚོའི་དུས་རླུང་གི་གནམ་གཤིས་ཀྱི་ཁོངས་སུ་གཏོགས་པས་ཆར་ཆུ་ཧ་ཅང་འབེལ་པོ་ཡོད། དེ་ནི་ལྷོ་ཁའི་ལྷོ་རྒྱུད་ཀྱི་དྲོད་གཤེར་ཆེ་བའི་རླུང་རྒྱུན་བརྒྱུད་ལམ་གལ་ཆེན་ཞིག་རེད།

    རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་གྱི་ཚོད་འཛིན་ཕོག་སྟབས། ཡུལ་སྨད་ཤང་ལ་གནམ་གཤིས་ལྟ་ཞིབ་ཚད་འཇལ་ས་ཚིགས་བཙུགས་མེད་པ་དང་དེ་ནི་གནམ་གཤིས་ཞབས་ཞུ་ཁྱབ་མེད་པའི་ཁུལ་ཞིག་ཡིན་པས་མི་སེར་ཚོ་རྟག་ཏུ“གནམ་ཆུ་བསྒུགས་ནས་འཚོ་བ་སྐྱེལ”གྱི་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་། ཡུལ་སྨད་ཤང་ལ་གཞུང་ལམ་དང་། ཆུ། གློག་བཅས་ཤར་གཏོང་ཐུབ་པ་མ་ཟད། ད་དུང་WiFiཁྱོན་ཡོངས་ལ་ཁྱབ་པ་དེས་ས་གནས་དེ་གའི་གནམ་གཤིས་ལྟ་ཞིབ་ཚད་འཇལ་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།

    2017ལོར་ལྷོ་ཁ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཡུལ་སྨད་ཤང་གི་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་བྱེད་པའི་ཐབས་ཇུས་བཀོད་སྒྲིག་བྱས་པ་དང་། ལྷོ་ཁ་གྲོང་ཁྱེར་གནམ་གཤིས་ཅུས་ཀྱིས་ཡུལ་སྨད་ཤང་གི་གནམ་གཤིས་ཀྱི་གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བའི་བསམ་ཕྱོགས་དང་འཆར་གཞི་བཟོས་ནས་གནམ་གཤིས་ལྟ་ཞིབ་ཚད་འཇལ་ས་ཚིགས་དེ་ཡུལ་སྨད་ཤང་གི་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་བྱེད་པའི་སྤྱི་ཡོངས་ཀྱི་འཆར་འགོད་ནང་བཅུག་པས་གྲོང་ཁྱེར་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ཡོད་པ་རེད། གྲོང་ཁྱེར་སྲིད་གཞུང་གིས་མཐུན་སྦྱོར་བཀོད་སྒྲིག་བྱས་ཏེ་འབྲེལ་ཡོད་སྡེ་ཚན་ལ་གནམ་གཤིས་ལྟ་ཞིབ་ཚད་འཇལ་ས་ཚིགས་འཛུགས་སྐྲུན་ཡུལ་སྨད་ཤང་འཛུགས་སྐྲུན་བྱེད་པའི་སྤྱི་ཡོངས་ཀྱི་འཆར་འགོད་ནང་བཅུག་ནས་དོན་འཁྱོལ་ལ་དམ་འཛིན་དང་མཉམ་དུ་སྐུལ་འདེད་བཏང་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཤང་དེའི་ས་ཁམས་ཁོར་ཡུག་དང་གནམ་གཤིས་ཀྱི་ཁྱད་ཆོས་གཞིར་བཟུང་། ལྷོ་ཁ་གྲོང་ཁྱེར་གནམ་གཤིས་ཅུས་ཀྱིས་ཡུལ་སྨད་ཤང་དུ་རྒྱུ་རྐྱེན་གཙོ་བོ་དྲུག་གི་རང་འགུལ་གནམ་གཤིས་ས་ཚིགས་འཛུགས་སྐྲུན་བྱ་རྒྱུ་དང་། གཞན་ཡང་ཡུལ་སྨད་ཤང་ལ་ཤར་གཏོང་ཐུབ་པའི་འགྲིམ་འགྲུལ་འགྲོ་ལམ་འཛུགས་སྐྲུན་བྱ་རྒྱུ་མ་ཟད་གནམ་གཤིས་ཀྱི་གནོད་འཚེ་མང་བའི་ལ་ལ་འགྲིམ་འགྲུལ་གྱི་རང་འགུལ་གནམ་གཤིས་ས་ཚིགས་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་རེད། མིག་སྔར་རང་འགུལ་གནམ་གཤིས་ས་ཚིགས་ཀྱི་ཐིག་སྤྱད་སྒྲིག་ཆས་ཚང་མ་དམིགས་སར་འབྱོར་བ་དང་། འདི་ལོའི་ཆར་དུས་གོང་དུ་བསྐྲུན་ཏེ་འཁོར་སྐྱོད་བྱེད་རྩིས་ཡོད་པ་དང་། ས་ཚིགས་དེ་བསྐྲུན་རྗེས་ཡུལ་སྨད་ཤང་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་། འཚོ་བ། ཕྱིར་སྐྱོད་བདེ་འཇགས་ཐད་ལ་དུས་བསྟུན་གྱི་གནམ་གཤིས་སྔོན་བརྡ་དང་གནམ་གཤིས་འགན་ལེན་གྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།

    འབྱུང་འགྱུར་ལྷོ་ཁ་གྲོང་ཁྱེར་གནམ་གཤིས་སྡེ་ཚན་གྱིས་ཡུལ་སྨད་ཤང་དུ་གནམ་གཤིས་ཆ་འཕྲིན་ཞབས་ཞུའི་ས་ཚིགས་བསྐྲུན་ནས་རིགས་ཁག་གི་གནམ་གཤིས་སྔོན་བརྡ་དང་ལྷག་པར་དུ་གངས་སྐྱོན་དང་ནགས་ཚལ་མེ་ཟོན་སོགས་གནམ་གཤིས་ཀྱི་གནོད་འཚེ་ཚབས་ཆེན་གྱི་སྔོན་བརྡ་དང་སྔོན་ཚུད་ཉེན་བརྡ་སོགས་ཀྱི་གནམ་གཤིས་ཞབས་ཞུའི་ཐོན་རྫས་ཕུན་སུམ་ཚོགས་སུ་གཏོང་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།